ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་གྲངས་བཅད་སྒོར4000ཇེ་མཐོར་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ནོར་སྲིད་པུའུ་དང་སློབ་གསོ་པུའུ། མི་དམངས་དངུལ་ཁང་། ཀྲུང་གོ་དངུལ་ཁང་ཉེན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱིས་མཉམ་དུ《སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་སྲིད་ཇུས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར》སྤེལ་བ་རེད། ཟླ9པའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་རྒྱུན་ལྡན་སྒྲོག་འདོན་ཚོགས་འདུ་ཚོགས་པ་དང་། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཨོའུ་ཝུན་ཧན་གྱིས་བསྟན་དོན། 《བརྡ་སྦྱོར》ལ་གཞིགས་ན། ད་ལོའི་སྟོན་དུས་སློབ་སྐབས་ནས་བཟུང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་སྦྱོང་དཀྱུས་མའི་སློབ་མ་རེས་ལོ་རེར་དངུལ་བུན་བསྐྱི་ཚད་སྒོར8000ཡན་བརྒལ་མི་ཆོག་པ་ནས་སྒོར་ཁྲི1.2ཡན་བརྒལ་མི་ཆོག་པར་ཇེ་མཐོར་བཏང་ཞིང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མ་རེས་དངུལ་བུན་སྒོར་ཁྲི1.2ཡན་བསྐྱི་མི་ཆོག་པ་ནས་སྒོར་ཁྲི1.6ཡན་བསྐྱི་མི་ཆོག་པར་ཇེ་མཐོར་བཏང་ཡོད།

ཨོའུ་ཝུན་ཧན་གྱིས་བསྟན་དོན།རྒྱལ་ཁ་སློབ་རོགས་དངུལ་བུན་བཙུགས་པ་ནི་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཅན་གྱི་སློབ་མས་བདེ་བླག་ངང་སློབ་མཐར་ཕྱིན་པར་རོགས་སྐྱོར་བྱེད་ཆེད་ཡིན་ལ། རྒྱལ་ཁབ་སློབ་རོགས་དངུལ་བུན་ནི་ཡིད་རྟོན་དངུལ་བུན་ཡིན་པས་གཏའ་འཇོག་དང་ཁག་ཐེག་ཅི་ཡང་མི་དགོས་པར། སློབ་མས་རང་བདག་གིས་དངུལ་བུན་བསྐྱི་ས་གཏན་འཁེལ་བྱས་ཆོག་ཏེ། རང་ཁྱིམ་ཡོད་སའི་སློབ་མའི་ཡོང་སར་དངུལ་བུན་བསྐྱི་ཆོག་ལ། ཡང་ན་སློབ་ཆེན་འགྲིམ་སའི་ས་ཁུལ་དུ་སློབ་རོགས་དངུལ་བུན་བསྐྱི་ཆོག སློབ་གྲྭར་འགྲིམ་སྐབས། སློབ་མའི་དངུལ་བུན་གྱི་སྐྱེད་ཀ་ཚང་མ་ནོར་སྲིད་ཀྱིས་ཁ་གསབ་བྱེད་རྒྱུ་ཡིན་པ་དང་། སློབ་མ་རང་ཉིད་ཀྱིས་སྐྱེད་ཀ་དང་མ་དངུལ་སྟེར་མི་དགོས། དངུལ་བུན་གྱི་དུས་ཡུན་ཅུང་རིང་བ་མ་ཟད། སློབ་མཐར་ཕྱིན་རྗེས་ཀྱི་དངུལ་བུན་སྟེར་བའི་དུས་བཅད་གཏན་འཁེལ་བྱས་ཡོད།

ཐེངས་འདིའི་བརྡ་སྦྱོར་ལས་རྒྱལ་ཁབ་སློབ་རོགས་དངུལ་བུན་སྒོར4000ཇེ་མཐོར་བཏང་བ་དེར། ནོར་སྲིད་པུའུ་ཚན་སློབ་དང་རིག་གནས་སི་ཡི་སི་ཀྲང་ཧོང་ཅ་ཡུས་ཀྱིས་བསྟན་དོན། སྲིད་ཇུས་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་སློབ་རོགས་དངུལ་བུན་གྱི་གྲངས་བཅད་ནི་སློབ་མ་རེས་ལོ་རེར་དངུལ་བུན་བསྐྱི་ཆོག་པའི་སྒོར་གྲངས་ཡིན་པ་དང་། དེ་ནི་བཅད་གྲངས་ཤིག་ལས་གཏན་འཁེལ་གྱི་སྒོར་གྲངས་མིན། སློབ་མས་རང་ཉིད་ཀྱི་ལོ་རེའི་སློབ་ཡོན་དང་སྡོད་ཡོན། ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་སོགས་ལ་གཞིགས་ཏེ། གྲངས་བཅད་དེའི་ནང་བསྐྱི་དངུལ་གྱི་སྒོར་གྲངས་གཏན་འཁེལ་བྱས་ཆོག །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།