ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས“མཐོ་སྒང་མཐའ་སྲུང་དཔེ་བཟང་དམག་སྒར”གྱི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས“མཐོ་སྒང་མཐའ་སྲུང་དཔེ་བཟང་དམག་སྒར”གྱི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་སྲུང་མཐའ་སྲུང་གི་འགན་འཁྲི་ཡག་པོར་བསྒྲུབས་ཏེ་ཏང་དང་མི་དམངས་ཀྱི་ཆེད་དུ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་ལྕག་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“མཐོ་སྒང་མཐའ་སྲུང་དཔེ་བཟང་དམག་སྒར”གྱི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ཟོལ་མེད་ཀྱི་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བསྟན་དོན། ལོ་ལྔའི་རིང་། ཁྱེད་ཚོས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་བློ་ལ་བརྟན་པོར་བཅངས་ནས། ཚེ་སྲོག་གི་མྱ་ངམ་ཐང་དུ་བརྟན་སྲུང་བྱས་ཏེ། ལང་ཚོ་དང་ཁྲག་དྲོན་གྱིས་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་སྲུང་སྐྱོང་བྱས་ཤིང་། ཕྲག་ཏུ་འཁུར་བའི་ལས་འགན་ལེགས་པར་བསྒྲུབས་ཡོད། ཚང་མ་ཡག་པོ་འདུག

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཐའ་སྲུང་དཔུང་སྡེས་མཐའ་མཚམས་སྟོབས་ཆེར་གཏོང་བའི་འཐབ་ས་དང་པོར་གཡུལ་འཐབ་བྱེད་ཀྱིན་ཡོད་པས། ལས་འགན་དཀའ་ཚེགས་ཆེ་ལ་འགན་འཁྲི་ལྕི་པོ་ཡོད། བློ་མཐུན་ཚོས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏང་བ་དང་། དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ། ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་སྲུང་མཐའ་སྲུང་གི་འགན་འཁྲི་སྒྲུབ་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་སླར་ཡང་བྱས་རྗེས་གསར་པ་འཇོག་བའི་རེ་བ་ཡོད། 

“མཐོ་སྒང་མཐའ་སྲུང་དཔེ་བཟང་དམག་སྒར”ནི་སྲོལ་རྒྱུན་བཟང་པོ་ལྡན་པའི་དཔའ་བོའི་དཔུང་སྡེ་ཞིག་ཡིན། སྒར་ས་དེའི་ཆ་སྙོམས་ས་བབ་སྨི4800ལྷག་ཟིན་པ་དང་། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི40℃ལ་སླེབས། ལོ་རེར་རིམ་པ8ཡན་གྱི་རླུང་ཆེན་པོ་ཉིན200ལྷག་ལ་གཡུག དུས་ཡུན་རིང་པོར། དཔུང་སྡེའི་དཔོན་དམག་ཚོས་གངས་ལྗོངས་མཐོ་སྒང་ལ་གཞིས་ཚུགས་ཤིང་། ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱས་པས། སྔ་རྗེས་སུ་རྒྱལ་ཡོངས་དང་དམག་ཡོངས་ཀྱི་གཟེངས་བསྟོད་ཐེངས9དང་། གཟི་བརྗིད་མཚན་སྙན་ཐེངས5ཐོབ་པ་དང་། རིམ་པ་དང་པོའི་བྱས་རྗེས་ཅན5དང་། རིམ་པ་གཉིས་པའི་བྱས་རྗེས་ཅན44སོགས་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད། 2016ལོའི་ཟླ8པར། ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུའི་བཀའ་རྒྱར་མཚན་རྟགས་བཀོད་དེ། དམག་སྒར་དེར“མཐོ་སྒང་མཐའ་སྲུང་དཔེ་བཟང་དམག་སྒར”གྱི་གཟི་བརྗིད་མཚན་སྙན་གནང་བ་རེད། ཉེ་ཆར། དམག་སྒར་ཡོངས་ཀྱི་དཔོན་དམག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས། ལོ་ལྔའི་རིང་གི་ལས་དོན་གནས་ཚུལ་སྙན་སེང་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མངགས་བཅོལ་ཟབ་མོ་ཡིད་ལ་བཟུང་སྟེ། ལྷག་བསམ་ཟོལ་མེད་ཀྱི་རྒྱལ་སྲུང་མཐའ་སྲུང་བྱེད་པའི་དད་སེམས་དང་ཆོད་སེམས་བརྟན་པོ་བློ་ལ་བརྟན་པོར་ངེས་ཡོད་པ་བསྟན། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།