ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་བའི་རིན་ཐང་ལོ11ལ་བསྟུད་མར་འཛམ་གླིང་གི་ཨང་དང་པོ་རེད།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཚིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཞོ་ཡ་ཆིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། 2010ལོ་ནས་བཟུང་། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་བའི་རིན་ཐང་ལོ11ལ་བསྟུད་མར་འཛམ་གླིང་གི་ཨང་དང་པོ་ཡིན་པ་དང་། འཛམ་གླིང་གི་བཟོ་ལས་མ་ལག་ཆེས་འཐུས་ཚང་གི་རྒྱལ་ཁབ་ཡིན། བཟོ་ལས་ཐོན་རྫས་གཙོ་བོ500ཡི་ནང་། ཐོན་རྫས་བཅུ་ཆ་བཞི་ལས་བརྒལ་བའི་ཐོན་ཚད་འཛམ་གླིང་གི་ཨང་དང་པོ་ཡིན་ལ། བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོའི་གནས་བབ་སྔར་བས་སྲ་བརྟན་དུ་གྱུར་ཡོད། 

ཞོ་ཡ་ཆིང་གིས་བཤད་རྒྱུར། 2012ལོ་ནས2020ལོ་བར། རང་རྒྱལ་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང་སྒོར་དུང་ཕྱུར་ཁྲི20.9ནས་སྒོར་དུང་ཕྱུར་ཁྲི31.3བར་འཕར་བ་དང་། དེའི་ནང་བཟོ་སྐྲུན་ལས་རིགས་འཕར་་བའི་རིན་ཐང་སྒོར་དུང་ཕྱུར་ཁྲི16.98ནས་སྒོར་དུང་ཕྱུར་ཁྲི26.6བར་འཕར་ཡོད། དེ་གོ་ལ་ཧྲིལ་བོའི་བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་ཀྱི22.5%ནས30%བར་འཕར་ཡོད། འོད་ཤུགས་དང་ནུས་རྒྱུ་གསར་པའི་རླངས་འཁོར། ཁྱིམ་སྤྱོད་གློག་ཆས། རིག་ནུས་ཁ་པར་སོགས་གཙོ་གནད་ཐོན་ལས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། འཕྲིན་གཏོང་སྒྲིག་ཆས་དང་མྱུར་བགྲོད་ལྕགས་ལམ་སོགས་སྤུས་རྟགས་རྩེ་གྲ་ཁག་ཅིག་གོ་ལ་ཧྲིལ་བོར་ཁྱབ་ཡོད།

“ཐེན་ཝུན་དང་པོ”ཡིས་སྐར་མ་མིག་དམར་གྱི་འཚོལ་ཞིབ་ཚད་ལེན་བྱེད་མགོ་བརྩམས་པ་དང་། བྱང་སྐར་གསུམ་པའི་གོ་ལ་ཧྲིལ་བོའི་སྲུང་སྐར་ཕྱོགས་སྟོན་མ་ལག་ཁྱོན་ཡོངས་ནས་བསྐྲུན་པ་སོགས་རྒྱལ་ཁབ་ཀྱི་སྒྲིག་ཆས་ཆེན་པོར་བཀྲག་མདངས་རྣམ་པར་འཚེར། ཆེས་མཐོའི་གློག་སྐྱེལ་གློག་སྒྱུར། སྔོག་འདོན་སྒྲིག་ཆས་ཆེ་གྲས། རྡོ་སོལ་རྫས་འགྱུར་བཟོ་ལས་སྒྲིག་ཆས་ཆ་ཚང་། ལྕགས་རིགས་ནཱ་སྨིའི་གྲུབ་ཆའི་རྒྱུ་ཆ་སོགས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ནས། ཀྲུང་གོའི་བཟོ་སྐྲུན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་སྟོབས་ཤུགས་ཆེན་པོ་མངོན་ཡོད། 

དེ་དང་ཆབས་ཅིག ཀྲུང་གོས་བཟོ་སྐྲུན་ཐོན་ལས་ཀྱི་གྲུབ་ཆ་རིམ་སྤོར་ཇེ་མགྱོགས་སུ་ཕྱིན་ཡོད། དེའི་ནང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང་བསྡུར་ཚད2012ལོའི9.4%ནས2020ལོའི15.1%བར་མཐོ་རུ་ཕྱིན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་རྐང་འཛིན་སྣེ་འདྲེན་ཁེ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སྟོབས་ཆེར་ཕྱིན་ནས། ཁེ་ལས་ཆུང་འབྲིང་གི་ལས་གཏོད་གསར་གཏོད་ཀྱི་རྣམ་པ་ཛ་དྲག་དང་། ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། 2020ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་སྒྲིག་གཞིའི་བསྡོམས་འབོར་དང་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གཏོང་ཚད2012ལོ་ལས་ལྡབ་གཅིག་འཕར་ནས། གསར་གཏོད་དོན་ཡོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུའི་གྲངས་འབོར་ལྡབ་གཉིས་ལྷག་འཕར་ཡོད། 

 ཆ་འཕྲིན་ཅན་གྱི་ཐད། རང་རྒྱལ་དུ་གོ་ལ་ཧྲིལ་བོའི་གཞི་ཁྱོན་ཆེ་ཤོས་ཀྱི་འོད་སྐུད་དང་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཞིག་བཙུགས་ཡོད། 5Gསྦྲེལ་ཚུགས་དང་མཐའ་སྣེ་སྦྲེལ་མཐུད་གྲངས་འབོར་གྱིས་གོ་ལ་ཧྲིལ་བོའི70%དང80%ལས་བརྒལ་ཡོད། དྲ་རྒྱའི་ཉེར་སྤྱོད་དེ་འཛད་སྤྱོད་ནས་ཐོན་སྐྱེད་ཀྱི་ཕྱོགས་སུ་རྒྱ་སྐྱེད་བཏང་ཡོད། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་ལས་རིམ་གྲངས་འཛིན་ཅན་དུ་འགྱུར་ཚད་དེ2012ལོའི24.6%ནས2020ལོའི52.1%བར་ཇེ་མང་དུ་ཕྱིན་པ་དང་། གྲངས་གཞི་ཅན་གྱི་ཞིབ་འཇུག་གསར་སྤེལ་གྱི་ཇུས་འགོད་ཡོ་ཆས་ཁྱབ་ཚད48.8%ནས73%བར་ཇེ་མཐོར་ཕྱིན་ཡོད། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ནས། གྲངས་གཞིའི་དཔལ་འབྱོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་ཆེན་པོ་བཏོན་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།