རྒྱལ་སྤྱིའི་འབྲུ་རིགས་གྱོང་གུད་ཇེ་ཉུང་དུ་གཏོང་བའི་ཚོགས་ཆེན་ཧྲན་ཏུང་ཅི་ནན་ནས་ཚོགས་མགོ་བརྩམས་པ་དང་ཅི་པེན་ཞོན་གྱིས་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས10ཉིན། རྒྱལ་སྤྱིའི་འབྲུ་རིགས་གྱོང་གུད་ཇེ་ཉུང་དུ་གཏོང་བའི་ཚོགས་ཆེན་ཧྲན་ཏུང་ཅི་ནན་ནས་ཚོགས་མགོ་བརྩམས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅི་པེན་ཞོན་ཚོགས་ཆེན་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་ཤིས་ཚིག་ཕུལ།

ཅི་པེན་ཞོན་གྱིས་བསྟན་དོན། དེང་སྐབས་ང་ཚོའི་མདུན་དུ་པྲོག་གསར་གློ་ཚད་རིམས་ནད་དང་ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་འགྲན་རྩོད་གནས་ཡོད་ལ། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཐད་ལ་སྔར་བྱུང་མ་མྱོང་བའི་གནོན་ཤུགས་ཐེབས་པ་དང་། འབྲུ་རིགས་གྱོང་གུད་དང་ཆུད་ཟོས་སུ་འགྲོ་བ་ནི་འཛམ་གླིང་ཡོངས་ཀྱི་མདུན་དུ་གནས་པའི་འགྲན་རྩོད་ཡིན། ད་ལོར་ཀྲུང་གོས་ཟས་རིགས་ཆུད་ཟོས་སུ་གཏོང་བར་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་ལ་བརྟེན་ནས་འཛད་སྤྱོད་མཁན་དང་བཟའ་བཏུང་ལས་རིགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་བ་དང་། རྒྱལ་ཁབ་གང་མང་ཞིག་གིས་ཀྱང་ནུས་ལྡན་བྱེད་ཐབས་ཁ་ཤས་བཀོལ་བཞིན་ཡོད། རྗེས་ཕྱོགས་སུ་སྔར་ལས་མང་པོའི་རྒྱལ་ཁབ་དེའི་ཁྲོད་དུ་ཞུགས་ཏེ་མཉམ་ལས་ལ་ཤུགས་སྣོན་དང་མཉམ་དུ་ཁ་གཏད་འཇལ་བ་དང་། རྒྱུན་ལས་ཅན་གྱི་བྱ་བའི་རྐྱེན་སྲོལ་བཙུགས་ནས་འབྲུ་རིགས་གྱོང་གུད་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

འབྲེལ་ཡོད་རྒྱལ་ཁབ་སྲིད་གཞུང་གི་འཐུས་མི། འཛམ་གླིང་འབྲུ་རིགས་གྱོང་གུད་ཇེ་ཉུང་དུ་གཏོང་བའི་ལས་རིགས་ཀྱི་ཆེད་མཁས་པ། འབྲེལ་ཡོད་རྒྱལ་ཁོངས་བརྒལ་བའི་ཁེ་ལས་སོགས་ཀྱི་འཐུས་མི་སུམ་བརྒྱ་ལྷག་དྲ་ངོས་སོགས་ཀྱི་རྣམ་པར་བརྟེན་ནས་གྲོས་ཚོགས་ལ་ཞུགས། དེའི་སྐབས་སུ་ཚོགས་ཆེན་སྟེང་རྒྱལ་སྤྱིའི་འབྲུ་རིགས་གྱོང་གུད་ཇེ་ཉུང་དུ་གཏོང་བའི་ཚོགས་ཆེན་གྱི་ཅི་ནན་གྱི་གྲོས་མགོ་དང་ཧྲན་ཏུང་འབྲུ་རིགས་གྱོང་གུད་ཇེ་ཉུང་དུ་གཏོང་བའི་འགུལ་སྐྱོད་ཇུས་གཞི་འགྲེམ་སྤེལ་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།