ཧྥུའུ་ཅན་གྱིས་དགེ་སློབ་ཡོངས་ལ་ཟླ9པའི་ཚེས19ཉིན་གྱི་སྔོན་ལ་སྐོར་གསར་པའི་ཉིང་སྐྱུར་བརྟག་དཔྱད་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། ཧྥུའུ་ཅན་ཞིང་ཆེན་སློབ་གསོ་ཐིང་དང་ཧྥུའུ་ཅན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཉམ་དུ《སྟོན་དུས་སློབ་སྐབས་ཀྱི་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཡག་པོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་རྩ་དོན་སྟེང་ཟླ9པའི་ཚེས19ཉིན་གྱི་སྔོན་ལ་དགེ་སློབ་ཡོངས་རྩ་འཛུགས་བྱས་ཏེ། སྐོར་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་བྱ་བ་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན། 

ཉེ་ཆར། ཧྥུའུ་ཅན་ཞིང་ཆེན་ཕུའུ་ཐེན་གྲོང་ཁྱེར་ཞན་ཡིའུ་རྫོང་ནས་ནད་གཞི་གཏན་ཁེལ་དང་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི་སྣ་མང་པོ་ཐོན་ཡོད། ཟླ9པའི་ཚེས11ཉིན་གྱི་ཆུ་ཚོད20བར། ཞན་ཡིའུ་རྫོང་དུ་ས་ཁུལ2ཉེན་ཁ་ཆེ་བའི་ས་ཁུལ་དུ་གཏན་ཁེལ་བྱས་ཤིང་། ས་ཁུལ5ཉེན་ཁ་འབྲིང་ཅན་གྱི་ས་ཁུལ་དུ་གཏན་ཁེལ་བྱས་ཡོད།

བརྡ་ཐོས་གཙོ་གནད་མི་སྣའི་གཏིང་ལོན་ལྟ་ཞིབ་ཚད་ལེན་དང་བདེ་ཐང་དོ་དམ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་ད་ལོའི་དབྱར་གནང་གུང་གསེང་དུས་སུ། ཕྱི་རྒྱལ་དང་རྒྱལ་ནང་གི་ཉེན་ཁ་མཐོ་འབྲིང་ས་ཁུལ་དུ་གནས་སྡོད་དང་ཡུལ་སྐོར་བྱས་མྱོང་བའི་དགེ་སློབ་དང་ལས་བཟོ་བར་ཁྱོན་ཡོངས་ནས་གཏིང་ལོན་གྲལ་བཤེར་དང་། ལོགས་སུ་ཐོ་འགོད་བྱས་ཏེ་གཙོ་གནད་མི་ཚོགས་ལ་བརྩིས་ནས། བདེ་ཐང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་བ་ཁ་གསལ་དང་གནས་ཚུལ་མངོན་གསལ་ཡིན་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།