རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྡེ་ཁུལ་རྙིང་བའི་བསྒྱུར་བཀོད་ལས་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པར་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་པུའུ་ཡིས་ཉེ་སྔོན《མཁར་གྲོང་གི་སྡེ་ཁུལ་རྙིང་བའི་བསྒྱུར་བཀོད་ལས་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུས་ཡོད)བཀྲམ་ནས། མཁར་གྲོང་གི་སྡེ་ཁུལ་རྙིང་བའི་བསྒྱུར་བཀོད་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་ཀྱི་ཞན་ཆ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྔར་ལས་ལྷག་པར་རྒྱུས་ལོན་དང་གཙང་སེལ་བྱེད་དགོས་པར་བཏོན། 

《བརྡ་ཐོའི》ནང2000ལོའི་ལོ་མཇུག་སྔོན་དུ་བསྒྱུར་བཀོད་བྱས་པའི་མཁར་གྲོང་གི་སྡེ་ཁུལ་རྙིང་བའི་ལེ་ལག་ཚང་བའི་སྒྲིག་ཆས་ཞན་ཆ་ཞིབ་བཤེར་དང་གྲལ་བཤེར་ནན་ཏན་བྱས་ནས། འབྲེལ་ཡོད་ཆེད་ལས་གཉེར་སྐྱོང་ཚན་ཁག་རྩ་འཛུགས་བྱས་ཏེ། མཉམ་འབྲེལ་སྒོས་འབར་རླངས་དང་གློག་ཤུགས། ཆུ་འབུད། དྲོད་འདོན་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་ཆས་དང་དེ་མིན་སྤྱི་པའི་བར་མཐོངས་སོགས་ཐོན་སྲིད་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་དགོས་པ་དང་། རྒན་གསོ་དང་བཅོལ་གསོ། རླངས་འཁོར་འཇོག་པ། དམངས་ཕན། གློག་གསོག་ཡོ་བྱད་སོགས་ཀྱི་སྒྲིག་ཆས་ལ་གཙོ་གནད་དུ་དམིགས་ཏེ་དམངས་འཚོའི་སྒྲིག་ཆས་ཀྱི་མི་འདང་བའི་གནས་ཚུལ་ལ་ལྟ་ཞིབ་དང་གྲལ་བཤེར་བྱ་རྒྱུ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མང་བ་དང་། ལེ་ལག་ཚང་བའི་སྒྲིག་ཆས་ཆད་ལུས་བྱུང་ཡོད་པ། མང་ཚོགས་ཀྱི་བསྒྱུར་བཀོད་བྱེད་འདོད་ཡོད་པ་བཅས་ཀྱི་མཁར་གྲོང་གི་སྡེ་ཁུལ་རྙིང་བ་སྔོན་ལ་ལོ་འཁོར་གྱི་བསྒྱུར་བཀོད་འཆར་གཞིའི་ནང་བཅུག་ནས། བསྒྱུར་བཀོད་བྱ་ཡུལ་གྱི་ཁྱབ་ཁོངས་དང་མཐུན་པའི་སྡེ་ཁུལ་རྙིང་བ་འཆར་གཞིའི་ཁྲོད་འཇུག་ཐུབ་པ་ཡོད་ཚད་འཇུག་དགོས་པའི་བླང་བྱ་བཏོན། 

མ་དངུལ་འགན་སྲུང་ལ་ཤུགས་སྣོན་བྱེད་པའི་སྐོར་ནས《བརྡ་ཐོའི》ཁྲོད་སྲིད་གཞུང་གི་དངུལ་གཏོང་འགན་སྲུང་གཙོ་བོ་ཡིན་པ་དང་། ཆེད་ལས་གཉེར་སྐྱོང་སྡེ་ཚན་གྱི་འགན་འཁྲི་དོན་འཁྱོལ། ཐབས་ལམ་མང་པོར་བརྟེན་ནས་མ་དངུལ་གྲབས་གསོག་བཅས་བྱེད་དགོས་པར་བསྟན་ཡོད། 2021ལོ་ནས་བཟུང་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་མ་དངུལ་གཏོང་བར་ཆེད་དོན་རྣམ་གྲངས་ལ་འབྲེལ་ཡོད་ཆེད་དམིགས་རྣམ་གྲངས་ཀྱི་དོ་དམ་བྱེད་ཐབས་ཀྱི་གཏན་འབེབས་ལྟར། སྡེ་ཁུལ་ནང་ཁུལ་དང་སྡེ་ཁུལ་ཉེ་འཁོར་གྱི་ཐད་ཀའི་འབྲེལ་ཡོད་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། མཁར་གྲོང་གི་བཙོག་ཆུ་གཙང་བཅོས་སྒྲིག་ཆས་ཁེར་རྐྱང་དང་ལེ་ལག་ཚང་བའི་སྦུག་དྲ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་པ་རེད། གཞན་ཡང་དངུལ་རྩའི་སྒྲིག་གཞིས་ས་གནས་སྲིད་གཞུང་གིས་བཙུགས་པའི་སྡེ་ཁུལ་རྙིང་བའི་བསྒྱུར་བཀོད་སོགས་གྲོང་ཁྱེར་གྱི་གསར་བརྗེས་ཐེབས་རྩར་དངུལ་གཏོང་བྱེད་པར་ལྕག་སྐུལ་བྱ་རྒྱུ་རེད། རྒན་གསོ་བཅོལ་གསོ་དང་རླངས་འཁོར་འཇོག་པ། དམངས་ཕན་ཁྲོམ་ར། གློག་གསོག་ཡོ་བྱད་སོགས་ལ་ཁེ་ཕན་ངེས་ཅན་ལྡན་པའི་བསྒྱུར་བཀོད་ཀྱི་ནང་དོན་ཡོད་ན། སྤྱི་ཚོགས་ཀྱི་མ་རྩའི་ཆེད་ལས་འགན་གཙང་ལེན་གྱི་རྣམ་གྲངས་རྐྱང་པའམ་རྣམ་གྲངས་མང་པོ་ལ་བསྟོད་སྐུལ་བྱེད་དགོས། སུ་ལ་ཕན་ཁེ་ཐོབ་ན་དེས་མ་དངུལ་འཇོག་པའི་རྩ་དོན་ལྟར། གྲོང་མིས་མ་དངུལ་བཞག་ནས་བསྒྱུར་བཀོད་བྱེད་པར་ཧུར་ཐག་གིས་ཁྲིད་སྟོན་བྱས་ཏེ། ཐད་ཀར་མ་དངུལ་འཇོག་པ་དང་། སྡོད་ཁང་ཆེད་སྤྱོད་ཉམས་གསོའི་མ་དངུལ་སྤྱོད་པ། ཡང་ན་སྡེ་ཁུལ་གྱི་སྤྱི་པའི་ཡོང་འབབ་བཤུག་སྤྲོད་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།