ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་གི་མཐོ་རིམ་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་སྐབས་བཅོ་བརྒྱད་པའི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་གི་མཐོ་རིམ་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡཱའི་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་ཕྱོགས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་སོང་བ་དང་། ཕན་ཚུན་བར་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོར་གྱུར་ཏེ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁོངས་ཀྱི་ཆེས་གསོན་ཤུགས་ལྡན་པའི་མཉམ་ལས་སུ་གྱུར། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་རིམས་འགོག་བྱས་ཏེ། དོན་དངོས་བྱ་སྤྱོད་ལས་སོ་སྲུང་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་སྙིང་སྟོབས་རྒྱས་འགྲེལ་བྱས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་ནིང་ཟླ་བཅུ་གཅིག་པར། སྐབས་བཅུ་བདུན་པའི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་གི་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། བདག་གིས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་གྲོས་གཞི་བཞི་བཏོན་པར་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁས་ལེན་ཆེན་པོ་ཐོབ་ཡོད་ལ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བསྟུད་མར་སྐུལ་འདེད་གཏོང་བཞིན་ཡོད། མ་འོངས་པར་དམིགས་ཏེ་ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་གྱི་འཐབ་ཇུས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། རིམས་འགོག་དང་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། ས་ཁོངས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་སྔ་མོ་ནས་ནུས་ལྡན་དུ་གྱུར་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཏེ། ས་ཁུལ་རང་གི་དར་རྒྱས་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོར་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།