ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་འཇར་མན་གྱི་ཙུང་ལི་ཡིས་ཁ་པར་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་གྱི་དགོང་མོར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཚུན་ལ། ང་ཚོས་ཕན་ནུས་ལྡན་པའི་བརྗེ་རེས་སྲུང་འཛིན་བྱས་ཏེ་ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ཐད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད་ལ། དེ་ལས་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་པ་མཚོན་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་དེ་རིམས་ནད་ཀྱི་གནས་བབ་འོག་སྔར་ལས་ཆེ་བའི་བསྲན་ཤུགས་མངོན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཐོབ་ཚོར་སྦྱིན་ཡོད། ཀྲུང་གོ་དང་འཇར་མན་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་གིས་དུས་ལྟར་དངུལ་གཏོང་གྲོས་ཆོད་གྲོས་མོལ་ཡོངས་འགྲུབ་བྱེད་པར་སྐུལ་འདེད་བཏང་སྟེ། མཉམ་དུ་ཕྱོགས་མང་རིང་ལུགས་ཀྱི་འདོད་བློ་བཏོན་པ་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་གང་ལེགས་བྱས་ཏེ། འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། འཇར་མན་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོའི་བར་ཡང་དག་པའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་སྟེ། བར་ཁྱད་ལ་དངོས་ཡོད་དང་མཐུན་པའི་ལྟ་སྟངས་འཛིན་པ་དང་ལུགས་མཐུན་གྱིས་འགལ་བ་ཐག་གཅོད་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་རེ་ཡོད་ཞེས་གསུངས། 

མའོ་ཁི་ཨར་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། འཇར་མན་དང་ཀྲུང་གོ། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བར་སྤྱི་བསྡོམས་བྱེད་རིན་ཡོད་པའི་གྲུབ་འབྲས་མང་བོ་ཐོབ་ཡོད། ངས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཇར་མན་དང་ཀྲུང་གོ། ཡོ་རོབ་གླིང་དང་ཀྲུང་གོའི་བར་གྱི་འགལ་བ་སྣ་ཚོགས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ཡོ་རོབ་གླིང་དང་ཀྲུང་གོའི་དངུལ་གཏོང་གྲོས་ཆོད་དེ་ཕྱོགས་གཉིས་ལ་ཕན་ཐོགས་ཡོད་པས། མྱུར་མོར་བདེ་བླག་ངང་ཆོག་མཆན་ཐོབ་ནས་ནུས་ལྡན་དུ་འགྱུར་བར་རེ་བཞིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འགོག་སྨན་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།