བོད་བརྒྱུད་ནང་བསྟན་གྱིས་འགྲོ་བ་མིའི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པའི་ཐད་ནུས་པ་འདོན་པར་ཁྲིད་སྟོན་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པར་སྐུལ་སྤེལ་བྱེད་པ།——དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་སྐོར》ཞེས་པའི་གསུང་བཤད་གལ་ཆེན་ལས།“མིའི་རིགས་ནི་སའི་གོ་ལའི་གྲོང་ཚོ་གཅིག་གི་ནང་དུ་མཉམ་དུ་འཚོ་སྡོད་བྱེད་ཅིང་། ལོ་རྒྱུས་དང་དངོས་ཡོད་བསྣོལ་མཚམས་ཀྱི་ཡུལ་དུས་གཅིག་ཏུ་འཚོ་བཞིན་ཡོད་ལ། ཕན་ཚུན་འབྲལ་ཐབས་མེད་པ་ཇེ་དྲག་ནས་ཇེ་དྲག་ཏུ་འགྲོ་བའི་ལས་དབང་ཐུན་མོང་ཚོགས་པ་ཞིག་ཏུ་འགྱུར་བཞིན་ཡོད”ཅེས་གསུངས་པ་ལྟར། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་སྐུལ་སྤེལ་དང་བསྐྲུན་པ་ནི་དུས་རབས་ཀྱི་གདམ་ག་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་ལ། དེ་ནི་རང་རྒྱལ་གྱི་ཆོས་ལུགས་ཁག་གིས་རྟག་པར་འདོན་པའི་བླང་བྱ་དང་འཚོལ་སྙེག་བྱེད་ཀྱིན་པའི་རྩ་བའི་བསམ་བློའི་དམིགས་འབེན་ཡང་ཡིན། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཆོ་གའི་བསམ་བློ་གང་མང་ཞིག་གིས་མིའི་རིགས་ཀྱི་དངོས་ཡོད་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་ཐུབ་ཅིང་། ལྷག་པར་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་སྐུལ་སྤེལ་དང་བསྐྲུན་པ་ལ་ཆད་པ་ཁ་སྐོང་དང་ནོར་འཁྲུལ་ཡོ་བསྲང་ལྟ་བུའི་ནུས་པ་འདོན་གྱིན་ཡོད་པ་ལག་ལེན་གྱིས་ར་སྤྲོད་བྱས་ཡོད། དེ་བཞིན་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་སྔོན་ཐོན་དང་གཞན་ཕན་གྱི་བསམ་བློ་ཡོད་དོ་ཅོག་སྔར་ལས་ལྷག་པའི་ངང་འདོན་སྤེལ་དང་བརྒྱུད་སྒྲོག་བྱས་ནས། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པར་ལོ་རྒྱུས་ཀྱི་མེ་ལོང་ལྟ་བུའི་ནུས་པ་འདོན་དགོས།

མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་སྐུལ་སྤེལ་དང་བསྐྲུན་པ་ལ་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡོད་པ་ནི་སྤྱི་ཚོགས་བདེ་འཇགས་དང་། རྒྱལ་ཁབ་གཅིག་གྱུར། འཛམ་གླིང་ཞི་བདེ་ཡོང་བ་བཅས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་ཏེ། ཞི་བདེ་ཡུན་བརྟན་དང་སྤྱི་ཡོངས་བདེ་འཇགས། ཐུན་མོང་དར་རྒྱས། གསར་གཏོད་དཀྱེལ་ཡངས། དྭངས་གཙང་བདེ་སྐྱིད་བཅས་ཀྱི་འཇིག་རྟེན་ཞིག་འཛུགས་སྐྲུན་བྱ་དགོས།” བོད་བརྒྱུད་ནང་བསྟན་གྱི་རྩ་བའི་དགོངས་དོན་ཡང་ཏག་ཏག་མིའི་རིགས་འཆམ་མཐུན་མཉམ་གནས་དང་། ཞི་བདེ་དང་བརྟན་བརླིང་ཡོང་རྒྱུ་དེ་རེད། དཔེར་ན། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་སྙིང་རྗེ་ཆེན་པོས་ཕུན་ཚོགས་དགེ་བ་སྒྲུབ་པ་དང་བཟོད་སྒོམ་ཆེན་པོས་འཚེ་མེད་ཞི་མཐུན་གཉེར་བ་ཡི་ལྟ་བ་ལས་སྤྱི་ཚོགས་ཞེ་འཁོན་འཁྲུག་རྩོད་དང་སྲོག་གཅོད་པ་ལ་ངོ་རྒོལ་བྱེད་པ་སོགས་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བརྩོན་ལེན་བྱེད་པར་མི་རྣམས་མ་བགྲོས་རང་འགྲིག་ཏུ་གོམས་ཡོད་པས། དད་ལྡན་ཡོངས་ཀྱིས་རང་འགུལ་དུ་བརྩི་སྲུང་བྱས་ཏེ་རྒྱལ་ཁབ་དང་མི་རིགས། ཐ་ན་མིའི་རིགས་ཀྱི་ཞི་བདེ་དང་བདེ་སྐྱིད་ཀྱི་ཆེད་དུ་རང་ཉིད་ཀྱི་ནུས་པ་དང་ཤེས་རབ་འདོན་དགོས་པའི་བླང་བྱ་བཏོན་ཡོད། བོད་བརྒྱུད་ནང་བསྟན་གྱི་བཞེད་དགོངས་ནི་དད་ལྡན་ཡོངས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་ཅིང་། དེ་ཡིས་སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་གཅིག་གྱུར། མིའི་རིགས་ཡོངས་ཞི་བདེ་དང་ལྷིང་འཇགས་ཡོང་བའི་བསམ་བློའི་མཁའ་དབུགས་དང་སྤྱི་ཚོགས་ཁོར་ཡུག་བསྐྱེད་བཞིན་ཡོད་ལ། དེ་བཞིན་དུ་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་སེམས་ཁམས་ཀྱི་དགེ་ལེགས་འཁོར་སྐྱོད་ལ་ཁག་ཐེག་བྱེད་པ་ནི་བརྟན་བརླིང་དང་འཆམ་མཐུན་གཉིས་སྲ་བརྟན་དང་སྐུལ་སྤེལ་བྱེད་པའི་ནུས་ཤུགས་གལ་ཆེན་དུ་གྱུར་ཡོད། དེའི་ཕྱིར་བོད་བརྒྱུད་ནང་བསྟན་གྱིས་རང་ཉིད་ཀྱི་བྱེད་ཐབས་དང་བརྒྱུད་ལམ་ལ་བརྟེན་ནས་རང་འགུལ་གྱིས་མི་རིགས་ལ་ཞི་བདེ་དང་ལྷིང་འཇགས་བརྩོན་ལེན་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་སྐུལ་སྤེལ་དང་བསྐྲུན་པ་ལ་ཤེས་རབ་དང་ནུས་པ་འདོན་དགོས།

ཀུན་སྤྱོད་དང་ཁྲིམས་སྐྱོང་ནི་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པའི་གཤོག་པ་ཆ་གཅིག་ཡིན་ཞིང་། གལ་སྲིད་གཤོག་ཡ་གཅིག་མེད་ཚེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་མི་ཐུབ་ཅིང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་ཟེར་བ་ཡང་སྒྲུབ་ཐབས་ཡེ་ནས་མེད་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དང་བསྐྱར་དུ་བསླབ་བྱ་གནང་དོན། “རྒྱལ་ཁབ་ཆེན་པོས་ཕན་ཚུན་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་ནས་འགལ་བ་དང་མི་མཐུན་པ་སོགས་དོ་དམ་ཚོད་འཛིན་བྱེད་པ་དང་། རྒྱལ་ཁབ་ཆུང་ངུ་དག་ལ་འདྲ་མཉམ་གྱི་ལྟ་ཚུལ་བཟུང་ནས། རང་མཆོག་གི་ལྟ་བས་ཁྲིམས་མེད་ལུགས་མེད་དུ་བཙན་དབང་མི་སྤྱོད།” རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་ཕུལ་བྱུང་ཀུན་སྤྱོད་ནི་རྒྱུན་མཐུད་དང་བརྟན་འཇགས་དང་ཡུན་རིང་བ་ཞིག་ཡིན་པས། སྲིད་བསྒྱུར་རབས་བརྗེ་བྱས་ན་རྒྱུན་ཆད་འགྲོ་བ་ཞིག་གཏན་ནས་མ་ཡིན། བོད་བརྒྱུད་ནང་བསྟན་གྱི་ལྟ་བ་ལྟར་ན་མི་ཚེའི་སྐྱིད་སྡུག་གང་མང་ཞིག་ནི་རང་ཉིད་ཀྱི་འདོད་ཞེན་ལས་བྱུང་ཞིང་། འདོད་ཆགས་དང་ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་གི་སེམས་ཁམས་ལ་བརྟེན་ནས་བྱུང་བ་ཡིན་པས། མི་རེ་རེས་འདོད་ཞེན་རྣམ་པར་བཀག་སྟེ་བདེན་དགེ་མཛེས་གསུམ་བརྩོན་ལེན་བྱ་དགོས་པ་དང་། དེ་བཞིན་དུ་རྒྱལ་ཁབ་དང་མི་རིགས་རེ་རེས་ཀྱང་འདོད་ཞེན་རྣམ་པར་བཀག་སྟེ་ཡ་རབས་དང་དགེ་ལེགས་ཀྱི་རྣམ་དཀར་ལས་ལ་གཞོལ་ནས། དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ཡོངས་ཀྱི་ཕུན་ཚོགས་དང་བདེ་སྐྱིད་ཀྱི་ཆེད་དུ་འབད་འབུངས་བྱེད་པ་དང་། འགྲོ་བ་མིའི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པར་སྐུལ་འདེད་བྱེད་པ། འགྲོ་བ་མིའི་རིགས་ཡོངས་ཀྱི་མ་འོངས་བདེ་སྐྱིད་མངོན་འགྱུར་བྱ་བའི་ཆེད་དུ་ནུས་པ་གང་ཡོད་འབུལ་དགོས།

ཁོར་ཡུག་སྲུང་སྐྱོང་དང་མི་དང་རང་བྱུང་ཁམས་མཉམ་གནས་བྱེད་པ་ནི་འགྲོ་བ་མིའི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པའི་ནང་དོན་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་མིའི་རིགས་ཀྱི་མ་འོངས་པར་འབྲེལ་བ་ཡོད་ལ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་ཕུགས་བསམ་ཡིན།” དེའི་ཐད་དུ་བོད་བརྒྱུད་ནང་བསྟན་གྱིས་ཀྱང་གནས་ལུགས་དང་གདམས་ངག་མོད་པོས་རོགས་འདེགས་བྱས་ཡོད། རང་བྱུང་ཁམས་ལ་གཅེས་སྐྱོང་དང་ཚེ་སྲོག་ལ་བརྩི་བཀུར། མི་དང་རང་བྱུང་ཁམས་དབར་མཉམ་གནས་མཛའ་མཐུན་ཡོང་བ་དང་ཚེ་སྲོག་ཡོད་དོ་ཅོག་ལ་འཚེ་མེད་བསྒོམ་པ་ནི་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་འཁྲུལ་མེད་ཅིག་ཡིན་ལ། སྲོག་ལྡན་གྱི་འབུ་སྲོག་ཆགས་ཡན་ཆད་དང་སྐྱེ་དངོས་ཡོད་ཚད་ལ་བརྩི་སྲུང་དང་བདག་སྐྱོང་བྱ་བ་ནི་ནམ་རྒྱུན་སེམས་སུ་ཉར་ཡོད། འཚེ་མེད་ཞི་མཐུན་གྱི་ལྟ་བ་དེ་དག་གིས་མིའི་རང་སྟེང་གི་གུ་དོག་པའི་བསམ་བློར་འགོག་རྒོལ་བྱེད་ཅིང་། རང་བྱུང་ཁམས་ལ་གང་འདོད་དུ་གཏོར་བརླག་དང་ཚེ་སྲོག་རྩིས་མེད་དུ་གཏོང་བ་སོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་སོགས་ཀྱིས། ཡང་དག་པའི་སྒོ་ནས་རང་བྱུང་ཐོན་ཁུངས་འཛད་སྤྱོད་བྱེད་པར་ཕན་འབྲས་ཆེན་པོ་ལྡན་པར་བྱས་ཡོད། དེའི་རྐྱེན་གྱིས་བོད་བརྒྱུད་ནང་བསྟན་གྱི་སྔོན་ཐོན་གྱི་ལྟ་བ་དག་སྔར་ལས་ལྷག་པའི་སྒོ་ནས་སྔོག་འདོན་དང་བརྒྱུད་སྤེལ་བྱས་ཏེ། “ང་ཚོ་སྐྱེ་ས་དང་འཚར་སར་གྱུར་པའི་གོ་ལ་འདི་ཧུར་བརྩོན་གྱིས་འཆམ་མཐུན་གྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་དེ་མངོན་འགྱུར་བྱ་དགོས།”

ཡིད་རྟོན་དང་འདྲ་མཉམ། དྲང་བདེན་གྱི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་མ་ལག་དང་སྤྱི་ཚོགས་ཡིད་རྟོན་ལམ་སྲོལ་ཞིག་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་། ཚད་མཐོ་བའི་སྒོ་ནས་སྤྱི་ཚོགས་དཔལ་འབྱོར་ལ་ཡར་སྐུལ་གཏོང་བའི་གཞི་རྩའི་ཁག་ཐེག་ཡིན་ཞིང་། འགྲོ་བ་མིའི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པའི་གཞི་རྩའི་རྨང་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “རྒྱལ་ཁབ་སོ་སོས་ང་བཟང་ཁྱེད་བཟང་ཚང་མ་བཟང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། སྒོ་འབྱེད་དང་དཀྱེལ་ཡངས། ཀུན་ཕན། དོ་མཉམ། ཀུན་རྒྱལ་བཅས་ཀྱི་དཔལ་འབྱོར་གོ་ལ་ཅན་སྐུལ་སྤེལ་བྱེད་པ་དང་། མིའི་རིགས་ཡོངས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཆ་རྐྱེན་ལེགས་པོ་གསར་སྐྲུན་གྱིས། འཛམ་གླིང་རྒྱལ་ཁབ་ཁག་དར་རྒྱས་གོང་འཕེལ་དུ་འགྲོ་བ་མཉམ་དུ་སྐུལ་འདེད་བྱས་ཏེ། འཕེལ་རྒྱས་འབྲས་བུས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་རེ་རེར་འབྱོར་ཕྱུག་དང་བདེ་འཇགས་ལོངས་སུ་སྤྱོད་དུ་འཇུག་དགོས།” འདིའི་ཐད་དུའང་བོད་བརྒྱུད་ནང་བསྟན་དུ་མི་རྣམས་ལ་ཡ་རབས་སྤྱོད་བཟང་བསྟེན་དགོས་ཤིང་མ་རབས་སྤྱོད་ངན་སྤངས་དགོས་པའི་བླང་བྱ་ནན་མོ་འདོན་གྱིན་ཡོད་པས། མི་རྣམས་ལ་ཚོང་རའི་སྒྲིག་སྲོལ་དང་དཔལ་འབྱོར་ཐད་ཀྱི་ཡིད་རྟོན་དྲང་གཞག་སོགས་ལ་ཡར་སྐུལ་བྱས་པ་དང་སྦྲགས། མི་དང་མིའི་དབར་གྱི་མཛའ་མཐུན་འབྲེལ་བ། བརྩེ་བ་དང་ཡིད་རྟོན། མིའི་དབར་གྱི་འཆམ་མཐུན་ཁོར་ཡུག སྤྱི་ཚོགས་སྒྲིག་སྲོལ་ལེགས་པོ། འགྲོ་བ་མིའི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པའི་བསམ་བློའི་རྒྱགས་ཕྱེ་སོགས་ལ་ནུས་པ་མི་དམན་པ་བསྐྲུན་ཡོད།

སྤྱིའི་ཆ་ནས་བཤད་ན། ཚན་རིག་གི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་ལྟ་སྤྱོད་སོགས་ལ་ཉམས་ལེན་དང་བརྒྱུད་སྒྲོག་བྱེད་རྒྱུ་ནི“ཀུན་སྤྱོད་ཀྱིས་རྒྱལ་ཁབ་སྐྱོང་བ”ལ་སྲི་ཞུ་སྒྲུབ་པར་ཡར་སྐུལ་བྱེད་བཞིན་ཡོད་ལ། མི་རིགས་ཡོངས་ཀྱི་བསམ་བློའི་བྱང་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཅིང་མི་རྣམས་བདེ་ཞིང་སྐྱིད་པ། མི་རིགས་ཁག་མཉམ་བདེ་མཉམ་སྐྱིད་དང་འཕེལ་རྒྱས་འགྲོ་བར་སྲུང་སྐྱོང་བྱེད་པ། འགལ་འདུ་སྣ་ཚོགས་ཞི་བར་བྱེད་ཅིང་རྒྱལ་བརྟན་ཡུན་སྐྱོང་དང་འཛམ་གླིང་མི་རིགས་ཁག་ཞི་བདེ་ཡོང་བ། འགྲོ་བ་མིའི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པར་སྐུལ་འདེད་བྱེད་པའི་བྱ་གཞག་རླབས་པོ་ཆེ་བསྒྲུབ་པར་རང་ནུས་གང་ཡོད་འདོན་དགོས་པ་ལགས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།