ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཚང་འཛོམས་གྲོས་ཚོགས་སྐབས་དྲུག་པ་མགོ་རྩོམ་པའི་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ9པའི་ཚེས3ཉིན་གདན་ཞུས་ལྟར་བརྙན་ལམ་བརྒྱུད་ནས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཚང་འཛོམས་གྲོས་ཚོགས་སྐབས་དྲུག་པ་མགོ་རྩོམ་པའི་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན།དེ་རིང་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ76ལོན་པའི་དྲན་གསོའི་ཉིན་མོ་རེད།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་དང་།ལོ་རྒྱུས་ཀྱི་གནས་ཚུལ་ངོ་མར་སྲུང་སྐྱོང་།ལོ་རྒྱུས་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས་བཅས་བྱས་ནས་མ་འོངས་པ་གསར་སྐྲུན་བྱ་དགོས།ད་ལོའི་ཟླ6པར་ང་དང་ཙུང་ཐུང་ཕུའུ་ཅིན་གཉིས་བརྙན་ལམ་བརྒྱུད་ནས་ཐུག་འཕྲད་བྱས་ཤིང་།《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》གི་དུས་ཚོད་ནར་འགྱངས་བྱ་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་མཉམ་ལས་དང་ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནད་དོན་གལ་ཆེན་ཐད་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་བས། དུས་རབས་གསར་པར་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྒུལ་ཤུགས་དང་མདུན་ལམ་ཆེན་པོ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་།པྲོག་གསར་གློ་ཚད་རིམས་ནད་ལ་འཕར་ཆག་མང་པོ་ཡོད་ལ།འཛམ་གླིང་གི་དཔལ་འབྱོར་དཀའ་ཚེགས་ཆེ་བའི་ངང་སླར་གསོ་འབྱུང་གིན་ཡོད།ཨ་ཤེ་ཡ་བྱང་ཤར་ས་ཁུལ་གྱི་མཉམ་ལས་འགྲན་སློང་དྲག་པོར་འཕྲད་ཡོད་ལ།གོ་སྐབས་གལ་ཆེན་དང་ཡང་འཕྲད་ཡོད།ཕྱོགས་སོ་སོས་ས་ཁུལ་ལ་རྐང་ཚུགས་པ་དང་།མིག་རྒྱང་རིང་པོ་འཛམ་གླིང་ལ་གཏོད་པ།དཀའ་ངལ་མཉམ་སེལ་བཅས་བྱས་ཏེ་མཉམ་དུ་འཕེལ་རྒྱས་ཡོང་བར་འབད་དགོས།

ང་ཚོས་རིམས་ནད་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐད་ནས་ཕན་ཚུན་རམ་འདེགས་བྱས་ཏེ། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་མཉམ་ལས་ལ་ཤུགས་སྣོན། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྱི་པའི་ཐོན་རྫས་དེ་བས་མང་པོ་མཁོ་འདོན་བྱེད་པ་དང་།རིམས་འགོག་སྨན་ཁབ་དང་ནད་དུག་གི་ཁུངས་འདེད་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ལྟ་བ་འཛུགས་པར་སྐུལ་འདེད་གཏོང་ཅི་ཐུབ་བྱེད་དགོས།

ང་ཚོས་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་མཐུད་ཤུགས་འདོན་བྱེད་པ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ།གྲངས་ཀའི་དཔལ་འབྱོར་གསར་གཏོད་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ།གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་མཉམ་དུ་ཁ་གཏད་གཅོག་པ་བཅས་བྱས་ནས།ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ང་ཚོས་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ཐད་ནས་མཉམ་ཤུགས་ཆགས་པར་བྱས་ཏེ།ཁ་བརྡ་དང་འབྲེལ་གཏུག་བརྒྱུད་དེ་མི་མཐུན་ས་སེལ་བ་དང་།ཐུན་མོང་གི་ངོས་ཟིན་གོང་བུར་འགྲིལ་བ།ཐུན་མོང་དང་ཕྱོགས་བསྡུས།མཉམ་ལས།རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་འཛུགས་པ་དང་། ལག་གདང་སྦྲེལ་ནས་ཞི་མཐུན་དང་བདེ་འཇགས་ཀྱི་ཐུན་མོང་ཁྱིམ་གཞིས་སྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་འཁྲུངས་སྐར་ཡིན་པ་དང་། ཀྲུང་གོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ནས། བདེན་དོན་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་།ཁ་དན་ཚིག་གནས་དང་འཆམ་མཐུན།མཉམ་ལས་མཉམ་རྒྱལ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་བསྐྱོད་འདོད་ཡོད།

ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་དྲུག་པ་ཟླ9པའི་ཚེས2ཉིན་ནས་ཚེས4ཉིན་བར་ཨུ་རུ་སུའི་ཧྥུའུ་ཏི་ཨའོ་སི་ཐུའོ་ཁེར་ནས་འཚོགས། གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“འཛམ་གླིང་འཕོ་འགྱུར་རྒྱབ་ལྗོངས་འོག་གི་རྒྱང་རིང་ཤར་ཕྱོགས་གོ་སྐབས་གསར་པ”ཞེས་པ་དེ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།