ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས9ཉིན《རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགུལ་སྐྱོད་འཆར་གཞི(2021-2025ལོ)》ཞེས་པ་དེ་ཁྱབ་བསྒྲགས་བྱས།
འགུལ་སྐྱོད་འཆར་གཞིར་བསྡོམས་པས་འགོ་བརྗོད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས་ཀྱི་ཁེ་དབང་། སྤྱི་དམངས་ཀྱི་ཁེ་དབང་། ཆབ་སྲིད་ཀྱི་ཁེ་དབང་། ཁོར་ཡུག་གི་ཁེ་དབང་། དམིགས་བསལ་ཚོགས་སྤྱིའི་ཁེ་དབང་འགན་སྲུང་། འགྲོ་བ་མིའི་ཐོབ་ཐང་གི་སློབ་གསོ་དང་ཞིབ་འཇུག གོ་ལ་ཧྲིལ་བོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ཁྲོད་ཞུགས་པ། ལག་བསྟར། ལྟ་སྐུལ། དཔྱད་དཔོག་བཅས་ཁག་བརྒྱད་དུ་དབྱེ་ཡོད།
འགུལ་སྐྱོད་འཆར་གཞིའི་ཁྲོད2009ལོ་ནས་བཟུང་། རང་རྒྱལ་གྱིས་སྔ་གཞུག་ཏུ་དུས་ཐེངས་གསུམ་པའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགུལ་སྐྱོད་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་ཕྱིན་ཏེ། ཁེ་དབང་སོ་སོར་སྔར་ལས་ལྷག་པའི་སྒོ་ནས་འགན་སྲུང་ཐོབ་པ་དང་། དམིགས་བསལ་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ལ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་སྔར་ལས་ཤུགས་བསྣན་ཏེ། གོ་ལ་ཧྲིལ་བོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ཁྲོད་ཡོངས་སུ་ཞུགས་ཏེ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་སུ་གཏོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད་པར་བསྟན།
འགུལ་སྐྱོད་འཆར་གཞིའི་ཁྲོད2021ལོ་ནས2025ལོ་བར་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས་བབ་བསྟུན་འཕྲལ་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དེ་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་ལོ་ལྔ་དང་པོ་དེ་རེད་ཅེས་བཀོད་ཡོད། འགུལ་སྐྱོད་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པའི་དམིགས་ཡུལ་ནི།
——མི་དམངས་ཡོངས་ཀྱི་རང་དབང་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་རྒྱུ་དེ་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱིའི་དམིགས་འབེན་དུ་འཛིན་རྒྱུ་ཡིན། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པའི་མི་དམངས་ཀྱི་དགོས་མཁོ་གསར་པ་སྐོང་བ་དེ་འབད་འཐབ་ཀྱི་ཁ་ཕྱོགས་སུ་འཛིན་དགོས། མི་དམངས་གཙོ་ཤུགས་ཡིན་པའི་གོ་གནས་རྒྱུན་འཁྱོངས་དང་། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་བྱས་ཏེ་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོ་རུ་གཏོང་དགོས།
——མི་དམངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་རིག་གནས་ཀྱི་ཁེ་དབང་འགན་སྲུང་གང་ལེགས་བྱས་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱས་ཏེ་མི་རྣམས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཆ་རྐྱེན་སྔར་ལས་དགེ་མཚན་ལྡན་པ་ཞིག་བསྐྲུན་དགོས།
——སྤྱི་དམངས་ཀྱི་ཁེ་དབང་དང་ཆབ་སྲིད་ཁེ་དབང་འགན་སྲུང་ཏན་ཏིག་དང་། མི་དམངས་སྤྱི་ཚོགས་ཁྲོད་ནུས་ལྡན་ངང་ཞུགས་པར་སྐུལ་སྤེལ་བཏང་ནས་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་དམངས་གཙོ་དང་ཁྲིམས་སྐྱོང་གི་རྨང་གཞི་སྔར་ལས་བརྟན་པོ་ཞིག་འདོན་སྤྲོད་བྱ་དགོས།
——རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་རྒྱུན་བསྐྱངས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པ་བཅས་བྱས་ནས་མིའི་རིགས་དང་བུ་རབས་ཚ་རྒྱུད་ཀྱིས་འཕེལ་རྒྱས་མཉམ་སྤྱོད་བྱེད་པར་རྒྱུན་མཐུད་ཆ་རྐྱེན་གསར་སྐྲུན་བྱེད་དགོས།
——དམིགས་བསལ་ཚོགས་སྤྱིའི་ཁེ་དབང་གི་འདྲ་མཉམ་སྲུང་སྐྱོང་དང་དམིགས་བསལ་རོགས་སྐྱོར་ལ་ཤུགས་བསྣན་ནས་མི་ཚང་མས་འདྲ་མཉམ་ངང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ་མི་ཚང་མའི་ཕྱོགས་ཡོངས་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས།
——འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སློབ་གསོ་དང་ཞིབ་འཇུག གསོ་སྐྱོང་སྦྱོང་བརྡར། ཤེས་བྱ་ཁྱབ་གདལ་བཅས་རྒྱ་ཁྱབ་ཏུ་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་རིག་གནས་ཀྱི་ཁོར་ཡུག་བསྐྲུན་དགོས།
——གོ་ལ་ཧྲིལ་བོའི་འགྲོ་བ་མིའི་ཐོབ་ཐང་གི་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལམ་སྲོལ་ལས་དོན་ཁྲོད་གཏིང་ཟབ་སྒོས་ཞུགས་ཏེ། སྔར་ལས་དྲང་གཞག་དང་ལུགས་མཐུན། ཁོང་ཡངས་བཅས་ཀྱི་གོ་ལ་ཧྲིལ་བོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་དགོས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
《རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགུལ་སྐྱོད་འཆར་གཞི(2021-2025ལོ)》ཞེས་པ་ཁྱབ་བསྒྲགས་བྱས།