ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་ཞིང་སྡེ་པུའུ་སོགས་སྡེ་ཁག་དྲུག་གིས་མཉམ་དུ《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རྒྱལ་ཡོངས་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་འཆར་འགོད》དཔར་འགྲེམ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་ནགས་རྩྭ་ཅུའུ་སོགས་ཀྱིས་མཉམ་འབྲེལ་སྒོས《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རྒྱལ་ཡོངས་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་འཆར་འགོད》དཔར་འགྲེམ་བྱས། དེ་ནི་རང་རྒྱལ་གྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཆེད་དོན་འཆར་འགོད་ཐོག་མ་ཡིན་ཞིང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཞིང་ལས་ལྗང་མདོག་འཕེལ་རྒྱས་བྱ་བར་རྒྱུད་རིམ་ལྡན་པའི་སྒོ་ནས་བྲེ་བྲག་གི་བཀོད་སྒྲིག་གང་ལེགས་བྱས་ཡོད།

གསར་འགོད་པས་ཚེས9ཉིན་ཞིང་ལས་ཞིང་སྡེ་པུའུ་ནས་རྒྱུས་ལོན་ལྟར་ན། ཉེ་བའི་ལོ་འགའི་རིང་ཞིང་ལས་ཞིང་སྡེ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལྗང་མདོག་འཕེལ་རྒྱས་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་སྣེ་ཁྲིད་གལ་ཆེན་དུ་བརྩིས་ནས། བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་དང་ཞིང་ལས་འཕེལ་རྒྱས་ཐབས་ལམ་བསྒྱུར་བཅོས་བྱས་ཏེ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་འཕེལ་རིམ་མངོན་གསལ་ཡིན། སྤྱིའི་ཆ་ནས་བལྟས་ན། ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔར་བཞིན་མགོ་ཚུགས་པའི་དུས་རིམ་དུ་གནས་ཡོད་པས། བྱ་བའི་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ལས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལྗང་མདོག་ཚུལ་སྒྱུར་བྱེད་དགོས།

འཆར་འགོད་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་བརྗོད་བྱ་གཙོ་བོ་རུ་བྱས་ཏེ། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་བཟུང་ནས། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ཀྱི་ཞིང་ལས་ཐོན་ལས་མ་ལག་གཙོ་གནད་དུ་བརྩིས་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས། 2025ལོར་བསླེབ་དུས། ཞིང་ལས་ཐོན་ཁུངས་ཀྱི་བེད་སྤྱོད་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་འབྱུང་བ་དང་། ཐོན་ཡུལ་གྱི་ཁོར་ཡུག་སྤུས་ཚད་མངོན་གསལ་གྱིས་ཇེ་ལེགས་སུ་འགྱུར་བ། ཞིང་ལས་སྐྱེ་ཁམས་མ་ལག་མངོན་གསལ་གྱིས་ལེགས་བཅོས་བྱུང་ནས། ལྗང་མདོག་ཐོན་རྫས་འདོན་སྤྲོད་མངོན་གསལ་གྱིས་ཇེ་མང་དུ་གཏོང་བ་དང་། ཕྱིར་འབུད་ཉུང་གཏོང་དང་ཐཱན་སྲ་བརྟན་དུ་གཏོང་བའི་ནུས་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་འགྱུར་བར་བརྩོན་ལེན་བྱ་རྒྱུ་རེད།

འཆར་འགོད་དེས་ལྗང་མདོག་འཕེལ་རྒྱས་ཀྱི་གནད་འགག་ཁྱབ་ཁོངས་དང་ཉམས་ཞན་དུམ་ཚན་ལ་དམིགས་ཏེ། ཞིང་ལས་ཐོན་ཁུངས་ཀྱི་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་སྣོན་པ་དང་། ཞིང་ལས་ངོས་ཁུངས་ཀྱི་སྦགས་བཙོག་འགོག་བཅོས་དང་ཞིང་ལས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ལ་ཤུགས་སྣོན་པ། ལྗང་མདོག་ཐཱན་ཉུང་གི་ཞིང་ལས་ཐོན་ལས་ཕྲེང་འབྲེལ་བསྐྲུན་པ་སོགས་ཀྱི་ལས་འགན་གཙོ་བོ་བཏོན་ཡོད་པ་དང་ཆབས་ཅིག ཚན་རྩལ་འགུལ་ནུས་དང་ལམ་ལུགས་འགུལ་ནུས་ལ་ཤུགས་སྣོན་དགོས་པ་བཏོན་ཡོད། ཕྱོགས་གཅིག་ནས་ལྗང་མདོག་ལག་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཚན་རྩལ་འགུལ་ནུས་ལ་ཤུགས་སྣོན་དགོས་ལ། ཕྱོགས་གཞན་ནས་སྒྲིག་སྲོལ་དང་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་ལུགས་འགུལ་ནུས་ལ་ཤུགས་སྣོན་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།