ཀྲུང་གོ་བོད་ཀྱི་དྲ་བ།

རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཡར་འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་རིན་གྱི་འགྱུར་ལྡོག་གནས་ཚུལ་ལ་གཞིགས་ཤིང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅོས་སྣུམ་གྱི་རིན་གོང་ལམ་སྲོལ་གཞིར་བཟུང་སྟེ2021ལོའི་ཟླ9པའི་ཚེས6ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སྒོར140ཇེ་མཐོ་རུ་བཏང་ཡོད་ཅེས་བཤད།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ཀྲུང་གོ་རྡོ་སྣུམ་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་བཅས་ཀུང་སི་ཆེན་པོ་གསུམ་གྱིས་སྣུམ་གྲུབ་མའི་ཐོན་སྐྱེད་དང་དབོར་འདྲེན་སྒྲིག་འཛུགས་ཡག་པོ་བྱས་ནས་ཁྲོམ་རའི་མཁོ་འདོན་བརྟན་འཇགས་དང་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་མོ་བྱེད་དགོས། ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཁྲོམ་རར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས་རྒྱུན་ལྡན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། དེ་མིན་འཛད་སྤྱོད་པས་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་དང་འཕྲད་ཚེ12315ལས་སྟེགས་བརྒྱུད་ནས་ཐེར་འདོན་བྱ་ཆོག་ཟེར།

ཐེངས་འདིའི་སྣུམ་གྲུབ་མའི་རིན་གོང་ལེགས་སྒྲིག་དུས་འཁོར་ནང་། རྒྱལ་སྤྱིའི་ཁྲོམ་རའི་མ་བཅོས་རྡོ་སྣུམ་གྱི་རིན་གོང་ཡར་འཕར་བ་རེད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་སྔོན་དཔག་བྱས་ན། དུས་ཡུན་ཐུང་ངུའི་ནང་རྒྱལ་སྤྱིའི་སྣུམ་རིན་མུ་མཐུད་ནས་གཡོ་འགུལ་ཀྱི་འཕེལ་ཕྱོགས་མངོན་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།