ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་མཁའ་འགྲུལ་ཚན་རིག་ཚོགས་ཆེན་སྐབས32པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་མཁའ་འགྲུལ་ཚན་རིག་ཚོགས་ཆེན་སྐབས32པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། 

ཞི་ཅིན་ཕིང་གིས་བསྟན་དོན། མཁའ་འགྲུལ་ཚན་རྩལ་ནི་དུས་རབས20པའི་ཚུན་དུ་འཕེལ་རྒྱས་ཆེས་མགྱོགས་ཤོས་དང་། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེ་ཤོས་ཀྱི་ཚན་རྩལ་ཁྱབ་ཁོངས་ཀྱི་གྲས་ཤིག་རེད། དེང་སྐབས་འཛམ་གླིང་གིས་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གཏིང་ཟབ་བརྒྱུད་བཞིན་ཡོད་པ་དང་། མཁའ་འགྲུལ་ཚན་རྩལ་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་དང་འཕྲད་ཡོད་པས། གོ་ལ་ཧྲིལ་པོའི་མཁའ་འགྲུལ་ཚན་རྩལ་མཉམ་ལས་དེ་ཧ་ཅང་དགོས་ངེས་ཤིག་ཏུ་གྱུར་ལ། མདུན་ལམ་ཡང་ཆེན་པོ་ལྡན།  སྐབས་འདིའི་ཚོགས་ཆེན་གྱིས་གོ་ལ་ཧྲིལ་པོའི་མཁའ་འགྲུལ་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྔར་བས་མང་པོ་བསྐྲུན་པའི་རེ་བ་ཡོད། 

རྒྱལ་སྤྱིའི་མཁའ་འགྲུལ་ཚན་རིག་ཚོགས་ཆེན་སྐབས32པ་ཉིན་དེར་ཧྲང་ཧའེ་རུ་འཚོགས་པ་དང་། དེ་རྒྱལ་སྤྱིའི་མཁའ་འགྲུལ་ཚན་རིག་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཀྲུང་གོ་མཁའ་འགྲུལ་རིག་གཞུང་ལྷན་ཚོགས་ཀྱིས་འགན་གཉེར་བྱས་པ་ཡིན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།