ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟླ9པའི་ཚེས5ཉིན་བརྡ་སྦྱོར་སྤེལ་བ་ལྟར་ན། 2021ལོའི་ཟླ9པའི་ཚེས4ཉིན་བར་དུ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་ཐེངས་ཁྲི2100.38.7ལ་སླེབས་ཡོད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས་བསྟན་དོན། བག་གཡེང་གི་བསམ་བློ་དང་འགོག་བཅོས་ལ་ཞེན་ལོག སྟེས་དབང་གི་བསམ་ཚུལ། ཤུགས་ལྷོད་པའི་བསམ་པ་བཅས་མཐའ་གཅིག་ཏུ་ཁྱད་དུ་སེལ་ནས། “ཕྱི་ནས་ནང་ཁྱབ་འགོག་པ་དང་ནང་ནས་ལྡོག་འཕར་འགོག་པའི”བརྟན་བརླིང་གི་འགོག་ཡོལ་བཙུགས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཐོབ་པར་དཀའ་བའི་འགོག་བཅོས་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་རིམས་ནད་འགོག་བཅོས་ཚོད་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝུའུ་ལེའང་ཡིའུ་ཡིས་བཤད་རྒྱུར། མིག་སྔར་ཏེའར་ཐ་རྒྱུད་འགྱུར་ནད་དུག་མཆེད་པ་དང་བསྟུན་ནས་གོ་ལ་ཧྲིལ་བོའི་རིམས་ནད་གནས་བབ་ལ་ཚད་མཐོན་པོས་ལྡོག་འཕར་བྱུང་ཡོད་ཟེར་ལ། སྟོན་དགུན་དུས་ཚིགས་སླེབས་པ་དང་བསྟུན་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དཀའ་ངལ་ཇེ་ཆེར་སོང་བ་དང་། རིམས་ནད་འགོག་ཁབ་རྒྱག་པ་ནི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱེད་པའི་ཕན་ནུས་ལྡན་པའི་ཐབས་ལམ་ཡིན། མིག་སྔར། རང་རྒྱལ་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་བྱ་བའི་སྤྱི་ཡོངས་ཀྱི་འཕེལ་ཚད་བདེ་བླག་ཡིན་ལ། རྗེེས་མར་མུ་མཐུད་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་བྱ་བའི་ཁག་སོ་སོ་ལེགས་པོར་སྒྲུབ་རྒྱུ་ཡིན་ཟེར།
ཀྲུང་གོ་རིམས་ནད་འགོག་བཅོས་ཚོད་འཛིན་ལྟེ་གནས་ཀྱི་རིམས་འགོག་འཆར་འགོད་ཆེད་མཁས་པ་ཝང་ཧྭ་ཆིང་གིས་པྲོག་གསར་གློ་ཚད་རིམས་ཀྱི་འགོག་ཁབ་ཆ་ཚང་བརྒྱབ་རྗེས་རིམས་འགོག་གི་ཕན་འབྲས་དང་སྲུང་སྐྱོང་གི་ཕན་འབྲས་ལེགས་པོ་ཐོན་ཐུབ་ཞེས་གསལ་འདེབས་གནང་བ་དང་། ཁོས་ད་རུང་འགོག་ཁབ་ཆ་ཚང་བརྒྱབ་མེད་པ་དག་གིས་ངེས་པར་དུ་གོ་རིམ་ལ་གཞིགས་ཏེ་དུས་ལྟར་འགོག་ཁབ་རྒྱག་དགོས་པའི་བསམ་འཆར་བཏོན།
ཆེད་མཁས་པས་འགོག་ཁབ་རྒྱག་པའི་དུས་མཚུངས་སུ། མང་ཚོགས་ཀྱིས་སྔར་བཞིན་མི་སྒེར་གྱི་འགོག་སྲུང་ལེགས་པོར་སྒྲུབ་ནས། མུ་མཐུད་དུ་ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། འདུ་ཚོགས་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་འཕྲོད་བསྟེན་གོམས་གཤིས་ལེགས་པོ་ཆགས་པར་བྱེད་དགོས་པའི་བསམ་འཆར་བཏོན། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་ཐེངས་དུང་ཕྱུར21ལས་བརྒལ་བ།