ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་མཚོ་སྔོན་ཞིང་ཆེན་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོད་སྒོས་འབྲེལ་མཐུད་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས3ཉིན་ནས་ཚེས5ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་མཚོ་སྔོན་ཞིང་ཆེན་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཏན་ཏིག་སྒོས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། མུ་མཐུད་དུ་དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཧུའུ་ཁྲུན་ཧྭ་སྔ་རྗེས་སུ་ཧོང་ཡོན་རྫོང་དང་གུང་ཧོ་རྫོང་། ཝུའུ་ལན་རྫོང་། ཏུའུ་ལན་རྫོང་། ན་གོར་མོ་གྲོང་ཁྱེར་བཅས་ཀྱི་སྡེ་བའི་ཁྱིམ་ཚང་དང་གནས་སྤོའི་སྡོད་ཁུལ། ཁེ་ལས་གླིང་ཁུལ་དུ་སོང་ནས་དབུལ་ཐར་དམངས་ཚོགས་དང་གཞི་རིམ་ལས་བྱེད་པ། ཁེ་ལས་ཀྱི་འགན་ཁུར་བ་བཅས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་ཏེ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས། གྲོང་གསེབ་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་ནི་བར་བརྒལ་དུས་མཚམས་ནང་གི་དབུལ་ཐར་ས་ཁུལ་གྱི་གྲོང་གསེབ་ལས་དོན་གྱི་ལས་འགན་ཨང་དང་པོ་ཡིན་པས་ངེས་པར་དུ་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་འབྱུང་བའི་མཐའ་ཚད་བརྟན་སྲུང་བྱ་རྒྱུ་དང་། བྱ་བ་མཐའ་དག་དམ་འཛིན་དང་ཏན་ཏིག་བྱ་དགོས། དབུལ་པོ་བསྐྱར་ལོག་འབྱུང་བར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཁོར་སྐྱོད་ཡག་པོ་བྱས་ནས་རྫོང་དང་ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་བྱ་བའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་འགུལ་རྣམ་གྲལ་བཤེར་དང་གནད་སྨིན་དབྱེ་འབྱེད། ནུས་ལྡན་རོགས་སྐྱོར་བཅས་བྱེད་དགོས། སྤྱིའི་ཆ་ནས་རོགས་སྐྱོར་སྲིད་ཇུས་བརྟན་པོ་ཡོང་བར་རྒྱུན་འཁྱོངས་བྱས་ཏེ་ཐབས་ལམ་མང་པོས་ལས་བརྟན་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དང་། ལྷག་པར་དུ་ཕྱི་རུ་གླ་རྒྱག་པར་སྐྱོད་རྒྱུ་སྒྲིག་འཛུགས་ཡག་པོ་བྱེད་པ། ཡུལ་གཞན་དུ་གནས་སྤར་རྗེས་ཀྱི་རྗེས་མཐུད་རོགས་སྐྱོར་ཡག་པོར་སྒྲུབ་པ། དབུལ་ཐར་མང་ཚོགས་ལ་རྒྱུན་མཐུད་ངང་ཡོང་འབབ་འཕར་སྣོན་འབྱུང་བར་འགན་ལེན་ཁག་ཐེག་བཅས་བྱེད་དགོས།

ཧུའུ་ཁྲུན་ཧྭ་ཡིས་དབུལ་ཐར་ས་ཁུལ་དུ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་དོན་དངོས་དང་ཡུལ་བབ་ལ་བསྟུན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་རྒྱུ། སྤུས་ཚད་འགན་ལེན་དང་སྤུས་རྟགས་གཏོད་པ་བཅས་བརྒྱུད་ནས་ཞིང་པར་སྔར་ལས་ལྷག་པར་གནས་ཐང་འཕར་བའི་ཕན་འབྲས་མང་པོ་ལོངས་སུ་སྤྱོད་ཐུབ་པར་བྱ་དགོས། སྡེ་བ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྡེ་བའི“ཨུ་ལྷན་གཉིས”ལེགས་འདེམས་ཧྲག་སྒྲིག་བྱེད་པ་དང་།“གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ། སྡེ་དོན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་བ་ལག་བསྟར་ཡག་པོ་བྱས་ཏེ་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་རྒྱུ་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཧུར་ཐག་སྒོས་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།