ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་དྲུག་པའི་མགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་དགུ་པའི་ཚེས་གསུམ་ཉིན་གདན་དྲངས་པ་ལྟར་བརྙན་ལམ་ནས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་དྲུག་པའི་མགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་དོན་དྲུག་འཁོར་བའི་རྗེས་དྲན་ཉིན་མོ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོབ་རྦད་ཆོད་བྱས་ཏེ། ལོ་རྒྱུས་ཀྱི་བདེན་པ་སྲུང་བ་དང་ལོ་རྒྱུས་མེ་ལོང་དུ་འཛིན་པ། མ་འོངས་པ་བཏོད་པ་བཅས་བྱེད་འོས། ད་ལོའི་ཟླ་དྲུག་པའི་ནང་དུ། ང་དང་ཙུང་ཐུང་ཕུའུ་ཅུན་གཉིས་ཀྱིས་བརྙན་ལམ་ནས་གྲོས་མོལ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག་གི་གོ་ཆོད་ཡུན་ཇེ་རིང་དུ་བཏང་བ་ཁྱབ་བསྒྲགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཐུན་སྦྱོར་དང་སྣ་སྒོ་མོ་ཡོངས་ཀྱི་དངོས་གཉེར་མཉམ་ལས་སོགས་ཀྱི་གནད་དོན་ཆེ་གྲས་ཐད་ཐུང་མོང་གི་ལྟ་བ་གསར་པ་བྱུང་བས། དུས་རབས་གསར་པའི་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཐུན་སྦྱོར་རོགས་རེས་འབྲེལ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ངེས་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་གི་ཆགས་སྟངས་ལ་རྩ་བའི་ཆ་ནས་འཕོ་འགྱུར་ཆེན་མོ་བྱུང་ཡོད་ཅིང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་སྟངས་བརྟན་པོ་མིན་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་དཀའ་བར་གྱུར་ཡོད། ཨེ་ཤ་ཡ་ཤར་བྱང་ས་ཁོངས་ཀྱི་མཉམ་ལས་ཀྱིས་སྔར་ལས་ལྷག་པའི་འགྲན་སློང་ཅི་རིགས་ལ་ཁ་གཏད་འཇལ་དགོས་པར་མ་ཟད། གོ་སྐབས་གལ་ཆེན་གང་མང་ལའང་གདོང་གཏོད་དགོས། ཤར་ཕྱོགས་ཀྱི་རྒྱལ་ཁབ་སོ་སོས་རང་ས་ཁུལ་ནས་རྐང་ཚུགས་པར་བྱེད་པ་དང་འཛམ་གླིང་ལ་མིག་ཟུང་གཏོད་པ། དཀའ་ངལ་ཁྱད་སེལ་བྱེད་པ། མཉམ་དུ་འཕེལ་རྒྱས་འགྲོ་བར་ཇུས་གཞི་འཐེན་པར་འབད་དགོས།

ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་དྲུག་པ་ཟླ་དགུ་པའི་ཚེས་གཉིས་ཉིན་ནས་ཚེས་བཞི་བར་ཨུ་རུ་སུའི་ཧྥུའུ་ལཱ་ཏིས་ཝ་ཟི་ཐའོ་ཁི་རུ་བསྡུ་བཞིན་ཡོད་ཅིང་། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་ནི་འཛམ་གླིང་འགྱུར་ལྡོག་འོག་གི་ཤར་ཕྱོགས་རྒྱལ་ཁབ་སོ་སོའི་གོ་སྐབས་གསར་པ་ཞེས་པ་དེ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།