ཀྲུང་གོ་བོད་ཀྱི་དྲ་བ།

《དྲ་རྒྱའི་དཀྲོག་གཏམ་འགོག་ཅིང་དྲ་རྒྱའི་དཔལ་ཡོན་མཉམ་སྐྲུན་བྱེད་པའི་གྲོས་འདོན་ཡི་གེ》ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚོགས་ཡོངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་མཉམ་སྡོམ་མཉམ་བཅོས་བྱེད་པའི་གྲོས་འདོན་སྣེ་ཁྲིད་དང་། དྲ་རྒྱའི་དཔལ་ཡོན་མཉམ་སྐྲུན་མཉམ་སྤྱོད་བྱ་ཆེད། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཞུ་གཏུག་ལྟེ་གནས་དང་། ཀྲུང་གོའི་དཔལ་ཡོན་དྲ་བ། ཀྲུང་གོའི་མཉམ་འབྲེལ་དྲ་རྒྱ་འཕེལ་རྒྱས་ཐེབས་རྩ་ཚོགས་པ། ཀྲུང་གོའི་འཕྲིན་སྦྲེལ་དྲ་བའི་དཀྲོག་གཏམ་མཉམ་འགོག་སྤྱི་སྟེགས་བཅས་ཀྱིས་ཚེས1ཉིན་མཉམ་འབྲེལ་སྒོས《“དྲ་རྒྱའི་དཀྲོག་གཏམ་འགོག་ཅིང་དྲ་རྒྱའི་དཔལ་ཡོན་མཉམ་སྐྲུན”བྱེད་པའི་གྲོས་འདོན་ཡི་གེ》ཁྱབ་བསྒྲགས་བྱས།

གྲོས་འདོན་ཡི་གེ་ལས། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། དཀྲོག་གཏམ་རིགས་མི་འདྲ་བ་རྣམས་དྲ་ཐོག་ནས་སྒྲོག་སྤེལ་རྒྱ་ཁྱབ་ཏུ་ཕྱིན་པས། སྤྱི་པའི་གླེང་ཕྱོགས་ལ་ལོག་སྟོན་ཚབས་ཆེན་བྱས་ཤིང་། དྲ་དམངས་ཀྱི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཏེ། དྲ་རྒྱ་ཁོར་ཡུག་བརྫད། དྲ་རྒྱའི་དཀྲོག་གཏམ་གྱི་རྙོག་ཟིང་བཅོས་སྒྲིག་དང་དྲ་རྒྱའི་སྐྱེ་ཁམས་དག་གཙང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བཅས་བྱེད་རྒྱུ་ནི་སྤྱི་ཚོགས་ལས་རིགས་སོ་སོའི་ཐུན་མོང་གི་སེམས་འདུན་དུ་གྱུར་ཡོད་ཅེས་བསྟན། 

གྲོས་འདོན་ཡི་གེ་ལས། དྲ་རྒྱའི་བར་སྟོང་ནི་མང་ཚོགས་དུང་ཕྱིར་མང་པོའི་ཐུན་མོང་གིི་བསམ་པའི་ཁྱིམ་གཞིས་ཡིན་པ་དང་། འཕྲིན་སྦྲེལ་དྲ་བ་ནི་ཁྲིམས་ཕྱིའི་གནས་མིན་པས། དྲ་རྒྱའི་བྱ་སྤྱོད་ཀྱི་གཙོ་གཞིས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྱི་ཚོགས་སྤྱི་སྲོལ། མི་ཆོས་ཀུན་སྤྱོད་བཅས་གཟབ་ནན་གྱིས་བརྩི་སྲུང་བྱེད་འོས། དཀྲོག་གཏམ་བཟོ་བ་དང་སྤེལ་བ་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་བློ་ཐག་རྦད་ཆོད་ཀྱིས་གཏན་འགོག་བྱས་ཏེ། འཕྲིན་སྦྲེལ་དྲ་བ་ནི་གནོད་འཚེ་ཡོད་པའི་ཆ་འཕྲིན་སྒྲོག་སྤེལ་དང་དཀྲོག་གཏམ་བཟོས་ཏེ་དོན་རྐྱེན་སློང་བའི་སྟེགས་བུར་གཏན་ནས་འགྱུར་དུ་འཇུག་མི་རུང་ཞེས་ནན་གྱིས་བསྟན། 

གྲོས་འདོན་ཡི་གེ་ལས། “སྒྲོག་སྤེལ་གོ་རིམ་ནན་སྲུང་དང་། དཀྲོག་བཅོས་གནས་སྟངས་འཐུས་ཚང་། དྲ་རྒྱའི་དཀྲོག་གཏམ་འགོག་སེལ། དྲ་རྒྱའི་དཔལ་ཡོན་མཉམ་སྐྲུན”བཅས་གནད་བཞི་ཡི་གྲོས་མགོ་བཏོན་པ་ནི། འཕྲིན་སྦྲེལ་དྲ་བའི་སྟེགས་བུའི་གཙོ་གཞི་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཚོགས་སྤྱི་དམངས་ཀྱི་དྲ་རྒྱའི་སྨྱན་བྱེད་བྱང་ཚད་དང་ཚན་རིག་གི་སྙིང་སྟོབས། ཁྲིམས་སྐྱོང་འདུ་ཤེས་བཅས་མཐོར་འདེགས་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་དར་སྤེལ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་མཉམ་བཅོས་དང་དྲ་རྒྱའི་དཔལ་ཡོན་མཉམ་སྐྲུན་ཀྱི་རྣམ་པ་ལེགས་པོ་ཆགས་སུ་འཇུག་པར་དམིགས་པ་དེ་ཡིན་ཞེས་བསྟན། 

ཤེས་གསལ་ལྟར་ན། ཟླ8པའི་ཚེས26ནས་ཟླ9པའི་ཚེས3ཉིན་བར། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་ཀྲུང་གོའི་འཕྲིན་སྦྲེལ་དྲ་བའི་དཀྲོག་གཏམ་མཉམ་འགོག་སྟེགས་བུ་ཤར་གཏོང་བྱས་ནས་ལོ་འཁོར་གསུམ་ལོན་པའི་དུས་འདིར། དྲ་བ་ཡོངས་སུ“དཀྲོག་གཏམ་འགོག་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དཔལ་ཡོན་གྱི་འོད་སྣང་སྤེལ་དགོས”ཞེས་པའི་མུ་འབྲེལ་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་དང་། ཐེངས་འདིའི་གྲོས་འདོན་ཡི་གེ་ཁྱབ་བསྒྲགས་བྱས་པ་ནི་བྱེད་སྒོའི་ནང་དོན་གཙོ་བོ་ཞིག་རེད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།