ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ། ཁྲོམ་རའི་གཙོ་གཞི་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་དཀའ་ངལ་སེལ་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏོང་བ་དང་། སྲིད་ཇུས་གྲབས་གསོག་ལ་ཤུགས་བསྣན་ནས་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་ཡག་པོ་བྱ་རྒྱུར་བཀོད་སྒྲིག་བྱས།

རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་རྒྱབ་སྐྱོར་ལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཏན་འབེབས་བྱས་ནས། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་བློ་བདེ་བའི་ངང་སློབ་སྦྱོང་བྱེད་པའི་གོ་སྐབས་སྦྱིན། 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཁྲོམ་རའི་གཙོ་གཞི་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་དཀའ་ངལ་སེལ་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་གྲབས་གསོག་ལ་ཤུགས་བསྣན་ནས་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་ཡག་པོ་བྱ་རྒྱུར་བཀོས་སྒྲིག་བྱས་ཤིང་། རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་རྒྱབ་སྐྱོར་ལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཏན་འབེབས་བྱས་ནས། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་བློ་བདེ་བའི་ངང་སློབ་སྦྱོང་བྱེད་པའི་གོ་སྐབས་སྦྱིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་།

ཚོགས་འདུས་འཕར་འཕེལ་བརྟན་བརླིང་དང་ལས་ཞུགས་ལ་ཁག་ཐེག་བྱེད་པའི་འགག་རྩ་ནི། ཁྲོམ་རའི་གཙོ་གཞི་དང་ལྷག་པར་དུ་འབོར་མང་ལ་རྒྱ་ཆེ་བའི་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ལ་འགན་ལེན་བྱ་རྒྱུ་དེ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ཐོན་འབོར་ཆེ་བའི་ཚོང་ཟོག་གི་རིན་གོང་མཐོ་བའི་དབང་གིས་ཐོན་སྐྱེད་གཉེར་སྐྱོང་གི་མ་གནས་མཐོ་རུ་འགྲོ་བ་དང་། རྩིས་ཐོའི་དངུལ་གྲངས་མང་དུ་འགྲོ་བ། རིམས་ནད་དང་གནོད་འཚེའི་ཤུགས་རྐྱེན་སོགས་གནད་དོན་ལ་དམིགས་ཏེ། ཁེ་ལས་ལ་ཕན་པའི་སྲིད་ཇུས་བཏོན་པའི་རྨང་གཞིའི་སྟེང་། སྔར་ལས་ལྷག་པའི་བྱེད་ཐབས་སྤྱད་དེ། ཁྲོམ་རའི་གཙོ་གཞི་བརྟན་འཇགས་དང་ལས་ཞུགས་བརྟན་བརླིང་ཡོང་བ་བྱས་ནས། དཔལ་འབྱོར་གྱི་ལུགས་མཐུན་འཁོར་རྒྱུག་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་ཞེས་བསྟན།

གཅིག་ནི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ད་ལོ་སླར་ཡང་དངུལ་བུན་སྒོར་དུང་ཕྱུར3000མང་དུ་བཏང་ནས། ས་གནས་ཁྲིམས་མིའི་དངུལ་ཁང་གིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་བ་ལ་དངུལ་བུན་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་རེད། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ལས་རིགས་ཁེ་ལས་ལ་དངུལ་བུན་གྱི་སྐྱེད་ཀ་གློད་པ་དང་། བྱ་དགའ་སྤྲོད་གསབ་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། དངུལ་ཁང་གིས་ཀུན་ཕན་ཡིད་རྟོན་དངུལ་བུན་སྔར་བས་མང་བ་གཏོང་བར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་མ་སྡུད་ཁག་ཐེག་ཐེབས་རྩའི་ཉེན་ཁ་གསབ་པའི་ལམ་སྲོལ་བཙུགས་ནས་ཁག་ཐེག་ལས་ཁུངས་ཀྱི་གཏའ་དངོས་དང་ཡིད་རྟོན་ཟིན་ཐོ་མེད་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཁག་ཐེག་བྱེད་པར་རྒྱབ་སྐྱོར་བྱ་དགོས། 

གཉིས་ནི“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་སྔར་བས་གཏིང་ཟབ་ཏུ་བཏང་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་ཇེ་དམའ་རུ་གཏོང་བ། བདག་དབང་དང་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱེད་པ། འདྲ་མཉམ་འགྲན་རྩོད་ལ་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལས་གཏོད་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་ཆ་གསེས་གང་བྱུང་བྱེད་པར་གཏན་འགོག་བྱ་དགོས། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་འགྱངས་ཆད་གཙང་སེལ་བྱེད་པའི་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་དགོས། ས་གནས་ལ་དམིགས་ས་ཡོད་པའི་སྒོ་ནས་རོགས་སྐྱོར་བྱེད་ཐབས་བཏོན་ཏེ། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་མ་གནས་འཕར་བའི་གནོན་ཤུགས་ཇེ་ཆུང་དུ་གཏོང་བར་སྐུལ་དགོས།

གསུམ་ནི་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་གཅིག་གྱུར་གྱིས་ལེགས་པར་སྒྲུབ་དགོས། ས་གནས་སྲིད་གཞུང་གི་ཆེད་དོན་བུ་ལོན་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། མ་འཇོག་ནུས་ལྡན་བྱེད་རྒྱ་ཆེ་རུ་གཏང་དགོས། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་དང་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས་ནས། སྲིད་ཇུས་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་ཅིག་གི་དུས་ཆད་འགོར་རྗེས་ཀྱི་རྒྱུན་མཐུད་སྲིད་ཇུས་ལ་ཞིབ་འཇུག་བྱས་ནས་དུས་ཐོག་ཏུ་འདོན་དགོས། དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་བཏང་སྟེ། དཔལ་འབྱོར་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་། ལས་ཞུགས་བརྟན་བརླིང་ཡོང་བ་རྒྱུན་འཁྱོངས་བྱ་དགོས།

ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མའི་འབྱུང་འགྱུར་གྱི་སེམས་ཁྲལ་སྔར་བས་ཇེ་ཆུང་དུ་བཏང་ནས། ཁོང་ཚོ་བློ་བདེ་བའི་ངང་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་ལ་གྲུབ་འབྲས་ཐོབ་ནས་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་གཏོང་ཆེད། ཚོགས་འདུས་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། གཅིག་ནི་ད་ལོའི་སྟོན་དུས་སློབ་སྐབས་ནས་བཟུང་དངུལ་བུན་གཏོང་ཚད་མཐོ་རུ་བཏང་སྟེ། དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ་རེར་ལོ་རེར་དངུལ་བུན་གཏོང་ཚད་མཐོ་ཤོས་སྒོར8000ནས་སྒོར12000བར་མཐོ་རུ་གཏོང་བ་དང་། ཞིབ་འཇུག་སློབ་མར་སྒོར12000ནས་སྒོར16000བར་མཐོ་རུ་གཏོང་རྒྱུ། ནོར་སྲིད་ཀྱིས་སློབ་མ་སློབ་གྲྭར་སྡོད་རིང་གི་དངུལ་བུན་སྐྱེད་ཀ་ཡོངས་ལ་ཁ་གསབ་བྱེད་དགོས། གཉིས་ནི་ནོར་སྲིད་ཀྱིས་མུ་མཐུད་དུ་སློབ་སྐྱོར་དངུལ་བུན་གཏོང་འགན་ཁུར་བའི་དངུལ་ཁང་ལ་བསྡུར་ཚད་ངེས་ཅན་གྱི་ཉེན་ཁའི་ཁ་གསབ་སྤྲོད་རྒྱུ་དང་། ལུགས་མཐུན་ངང་སྐྱིན་གསབ་ཀྱི་བསྡུར་གྲངས་ཇེ་དམའ་རུ་གཏོང་དགོས། གསུམ་ནི་སློབ་མར་གྲོན་ཆུང་བསྲི་ཚགས་བྱ་རྒྱུ་ཁྲིད་སྟོན་བྱས་ཏེ། སློབ་སྦྱོང་ལ་བརྩོན་པ་དང་། སྦྱངས་པས་གོ་ཆོད་པ་བྱས་ཏེ། ལས་ཞུགས་ལ་ཤུགས་སྣོན་དང་རྒྱལ་ཁབ་ཀྱི་དྲིན་གཟོ་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། སློབ་གྲྭས་ཀྱང་སློབ་མར་སློབ་ཞོར་ལས་རོགས་ཀྱི་གོ་སྐབས་སྔར་བས་མང་བ་མཁོ་འདོན་བྱེད་དགོས། 

ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དེ་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཡོད། ཚོགས་འདུས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་བ་རེད། འཆར་ཟིན་ནང་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི“ནན་ཤོས་བཞི”ཡི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ལས་ཐོན་རྫས་ཐོན་སྐྱེད་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཚོད་འཛིན་ལ་སྔར་ལས་ཤུགས་སྣོན་བརྒྱབ་པ་དང་།   ཐོན་སྐྱེད་གཉེར་མཁན་གྱི་གཙོ་གཞིའི་འགན་འཁྲི་དང་། ས་གནས་སྲིད་གཞུང་གི་ས་ཁོངས་འགན་འཁྲི། འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་བཅས་ཁ་གསལ་བཟོས་ཡོད།  བཟའ་བྱའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་འདེད་ལམ་ལུགས་བཙུགས་ཡོད་ལ། ལྟ་སྐུལ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། འགན་འཁྲི་བདའ་འདེད་ཁྲིམས་བསྟར་ལ་ཤུགས་སྣོན་བརྒྱབ་ཅིང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་ཡོད། ཚོགས་འདུས་འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་འབུལ་རྒྱུ་གཏན་འབེབས་བྱས། 

ཚོགས་འདུས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།