ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་འཚོགས་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུ་རྒྱུ་ཡིན་པར་གཏན་ཁེལ་བྱས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་འཚོགས་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུ་རྒྱུ་ཡིན་པར་གཏན་ཁེལ་བྱས།

སྐབས་བཅུ་དགུ་པའི་ཀྲུང་དབྱང་རེས་སྐོར་བདུན་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》ལ་གྲོས་ཞིབ་བྱས། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་འཚོགས་ནས། ད་ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་འཚོག་རྒྱུ་གཏན་ཁེལ་བྱས་པ་དང་། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་ཞུ་ཕུལ་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་། ལོ་རྒྱུས་ཉམས་མྱོང་གི་གནད་དོན་ལ་གཙོ་གནད་ཐོག་ཞིབ་འཇུག་དང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱ་རྒྱུ་རེད། ཚོགས་འདུས《སྐབས་བཅུ་དགུ་པའི་ཀྲུང་དབྱང་རེས་སྐོར་བདུན་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད། 

ཚོགས་འདུས་ངོས་འཛིན་བྱས་དོན། ཀྲུང་གོ་གུང་ཁྲན་ཏང1921ལོར་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་གཏོང་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ཤིང་། ཐོག་མཐའ་བར་གསུམ་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་རྒྱུན་འཁྱོངས་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར་དང་མི་དམངས་བདེ་སྐྱིད་ལྡན་ཆེད་འབད་འཐབ་ལྷོད་མེད་བྱས་ནས། ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་བསྐྲུན་ཡོད། ལོ་བརྒྱའི་རིང་། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ། ཁྲག་བཏོན་དམར་འཛིང་དང་ཞུམ་པ་མེད་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལ་གྲུབ་འབྲས་རླབས་ཆེན་བླངས་ཤིང་། རང་སྟོབས་རང་སྤེལ་དང་འབད་བརྩོན་ལྷོད་མེད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལ་གྲུབ་འབྲས་རླབས་ཆེན་བླངས། བསམ་བློ་བཅིངས་འགྲོལ་དང་ཡར་རྒྱས་བརྩོན་ལེན་བྱས་ནས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་རླབས་ཆེན་བླངས། རང་རྟེན་རང་སྟོབས་དང་བདེན་སྲུང་གསར་གཏོད་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གྲུབ་འབྲས་རླབས་ཆེན་བླངས་ཡོད། ཏང་དང་མི་དམངས་ཀྱིས་ལོ་ངོ་བརྒྱའི་རིང་འབད་འཐབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཐོག་གི་ཆེས་མཛེས་སྡུག་ལྡན་པའི་ལོ་རྒྱུས་སྙན་ངག་བྲིས་ཡོད། 

ཚོགས་འདུས་བསྟན་དོན། ལོ་རྒྱུས་མེ་ལོང་དུ་བཟུང་ན་དར་རྒུད་ཤེས་ཐུབ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་ནི། ཏང་བཙུགས་ནས་ལོ་འཁོར་བརྒྱའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཡིན་ལ། ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་གཏིང་ཟབ་ཏུ་གཏོང་བ། འགྲོ་ལམ་གྱི་གདེང་ཚོད་དང་རིག་གཞུང་གི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྲ་བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། ཏང་ཡོངས་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་པར་འགན་ལེན་བྱེད་པའི་དགོས་མཁོ་ཡིན།  ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་ཀྱི་འཐབ་རྩོད་འཇོན་ཐང་ཆེ་རུ་གཏོང་བ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་འཇོན་ཐང་ཆེ་རུ་གཏོང་བ། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་མི་ཉམས་པར་བྱེད་པ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་མུ་མཐུད་དུ་འབད་འཐབ་བྱེད་པའི་དགོས་མཁོ་ཡང་ཡིན། ཏང་ཡོངས་ཀྱིས་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ལས་སྔོན་ཆད་ང་ཚོས་ཇི་ལྟར་ལེགས་འགྲུབ་བྱུང་བ་དང་། འབྱུང་འགྱུར་ང་ཚོས་ཅི་ལྟར་མུ་མཐུད་དུ་ལེགས་འགྲུབ་འབྱུང་་སྲིད་པ་གསལ་པོ་ཤེས་ཐུབ་པར་བྱས་ཏེ། སྔར་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་སྔར་བས་ཡག་པོ་གཏོང་དགོས། 

ཚོགས་འདུས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་མ་བརྗེད་ན་དོན་གྱི་འབྲས་བུ་ལེགས་པོར་འགྲུབ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་སྟོང་གི་རླབས་ཆེན་བྱ་གཞག་ལ་གཞི་ཚུགས་པས་ལོ་བརྒྱ་འགོར་ཡང་ལང་ཚོ་དར་ལ་བབ་ཡོད། འདས་ཟིན་པའི་ལོ་བརྒྱའི་ནང་། ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ཤིག་ཕུལ་ཡོད། ད་ལྟ་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སླར་ཡང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་གྱི་རྒྱུགས་སྤྲོད་ལམ་བུ་གསར་པར་བསྐྱོད་བཞིན་ཡོད། དུས་རབས་ནི་རྒྱུགས་ཤོག་འདོན་མཁན་དང་། ང་ཚོ་ནི་རྒྱུགས་སྤྲོད་མཁན་ཡིན། མི་དམངས་ནི་རྒྱུགས་ཤོག་ལ་ལྟ་མཁན་ཡིན་པས། ང་ཚོས་ངེས་པར་དུ་རྒྱུགས་འབྲས་ཡག་པོ་ཞིག་བླངས་ནས། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་སྤེལ་དགོས།

ཚོགས་འདུས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་བཏང་བས། སློབ་གསོའི་ཁྱབ་ཁོངས་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་བྱུང་ཡོད། སྐོར་གཟིགས་ལས་བལྟས་ན། སློབ་གསོ་པུའུ་ཏང་ཙུའུ་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ31གི་ཏང་ཨུ་ཡིས་ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲིའི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པ་དང་། སློབ་གཉེར་སློབ་སྐྱོང་གི་བྱ་བར་གྲུབ་འབྲས་གསར་པ་ཐོབ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་ལེགས་སྐྱེས་གསར་པ་ཕུལ་ཡོད། འོན་ཀྱང་། ཐུན་མོང་རང་བཞིན་གྱི་གནད་དོན་དང་གཏིང་ཟབ་པའི་གནད་དོན་སྐོར་ཞིག་་ཤེས་རྟོགས་བྱུང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ། ཏང་ཨུས་མགོ་ཁྲིད་བྱེད་པའི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་ལག་བསྟར། ཏང་གིས་སློབ་གྲྭར་དོ་དམ་ནན་མོ་བྱེད་པ། ཚན་ཁག་དཔུང་ཁག་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ད་དུང་མི་འདང་ས་འདུག སྐོར་གཟིགས་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཚུར་ལན་ནན་ཏན་བྱེད་པ་དང་། དག་ཐེར་གྱི་གཙོ་གཞིའི་འགན་འཁྲི་ཇེ་ནན་དུ་གཏོང་བ། དག་ཐེར་གྱི་རྒྱུན་གཏན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྐོར་གཟིགས་ཀྱི་རྣོ་གྲིའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བཅས་བྱེད་དགོས། ཏང་ཨུ(ཏང་ཙུའུ)ཡིས་དག་ཐེར་དེ་ཏང་གིས་སློབ་གྲྭ་སྐྱོང་བའི་འཛིན་གཞིར་བརྩི་བར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་དག་ཐེར་དང་གཙོ་གནད་འབུར་ཐོན། གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། དག་ཐེར་གོ་སྐབས་སུ་བྱས་ཏེ། ཏང་གིས་མཐོ་སློབ་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས། སྐོར་སྐྱོད་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། སྐོར་སྐྱོད་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐོར་སྐྱོད་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། 

ཚོགས་འདུས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་མཐུད་ངང་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རང་རྟོགས་ངང་ཏང་གི་གསར་གཏོད་ཀྱི་རིགས་གཞུང་སྤྱད་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་དེ་གཞི་རྩའི་ལས་འགན་ལ་བརྩིས་ནས། བསམ་བློའི་ཆབ་སྲིད་ལས་དོན་དང་། དགེ་རྒན་གྱི་ཀུན་སྤྱོད། སློབ་གྲྭའི་དར་སྲོལ་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་ནུས་ལྡན་བྱེད་དགོས། སློབ་གསོའི་བཅོས་བསྒྱུར་གྱི་བཀོད་སྒྲིག་དོན་འཁྱོལ་བྱས་ནས། མཐོ་སློབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། དོན་སྙིང་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། རང་འགུལ་ངང་དུས་རབས་གསར་པའི་བླང་བྱ་ལ་བསྟུན་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་ཞིང་གནད་ལ་འཁེལ་བ། ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུས་ཤིང་མཉམ་འདྲེས་ཐུབ་པ་བྱེད་དགོས། མཐོ་སློབ་ཀྱིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏང་ཨུའི་གཙོ་གཞིའི་འགན་འཁྲི་དང་། ཧྲུའུ་ཅི་དང་པོའི་འགན་འཁྲི། སྒྲིག་ཨུའི་ལྟ་སྐུལ་གྱི་འགན་འཁྲི་བཅས་དོན་འཁྱོལ་ནན་ཏན་བྱས་ཏེ། རིམ་པ་རེ་རེ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་། རྣམ་པ་ནན་མོར་ཤུགས་སྣོན། དབང་ཆ་འཁོར་སྐྱོད་ཀྱི་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན། རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བཅས་བྱས་ཏེ། ཟིལ་གནོན་ནུས་ལྡན་དང་སྤྱོད་གཙང་མིན་པའི་ཉེན་ཁར་དོགས་ཟོན་ཏན་ཏིག་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་གཞི་རིམ་རྩ་འཛུགས་ཀྱི་བྱ་བའི་སྲོལ་ཡིག》ལག་བསྟར་མཐར་ཕྱིན་དང་། ཏང་ཨུའི་མགོ་ཁྲིད་འོག་གི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་ཏན། མཐོ་རིམ་སློབ་གྲྭའི་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པ། ཤེས་ལྡན་པའི་དཔུང་ཁག གཞི་རིམ་གྱི་ཏང་རྩ་འཛུགས་བཅས་ཀྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དང་། ཏང་སྐྱོང་བྱ་བའི་ཆུ་ཚད་མཐོ་འདེགས་བཅས་བྱས་ཏེ། མཐོ་རིམ་སློབ་གྲྭའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།  

ཚོགས་འདུས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།