ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་སི་རི་ལན་ཁའི་གྲོས་དཔོན་ཨ་པེ་ཝ་ཏེ་ན་དང་གྲོས་མོལ་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས31ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བརྙན་ལམ་ནས་སི་རི་ལན་ཁའི་གྲོས་དཔོན་ཨ་པེ་ཝ་ཏེ་ན་དང་གྲོས་མོལ་གནང་། 

  ཚེས31ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བརྙན་ལམ་ནས་སི་རི་ལན་ཁའི་གྲོས་དཔོན་ཨ་པེ་ཝ་ཏེ་ན་དང་གྲོས་མོལ་གནང་། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན།  ཀྲུང་སི་གཉིས་ནི་ཕན་ཚུན་རོགས་རམ་གྱི་ཁྱིམ་མཚེས་ལེགས་པོ་དང་འདྲ་མཉམ་ཡིད་ཆེས་ཀྱི་གྲོགས་པོ་བཟང་བོ། གཉིས་ཕན་མཉམ་རྒྱལ་གྱི་རོགས་ཟླ་འགྲིག་པོ་བཅས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུངཀོ་ཐ་པཱ་ཡ་གཉིས་ཀྱིས་འབྲེལ་འདྲིས་དམ་ཟབ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་ཡོད། ཀྲུང་སི་གཉིས་ཀྱིས་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་སི་རི་ལན་ཁ་དང་མཉམ་དུ་ཕྱོགས་གཉིས་པོའི་མགོ་ཁྲིད་བར་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཟོལ་མེད་རོགས་རེས་དང་། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་སྔར་བས་ཆེ་བ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། གཅིག་ནི་ཆབ་སྲིད་ཀྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་སྟེ། དུས་གཏན་གྱི་འགྲོ་འོང་ལམ་སྲོལ་ཡག་པོ་སྤྱད་དེ་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཉིས་ནི་རིམས་འགོག་མཉམ་ལས་གཏིང་ཟབ་གཏོང་བ་སྟེ། ཀྲུང་གོས་ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་ནང་སི་རི་ལན་ཁ་ཡིས་རིམས་འགོག་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་འདོད་ཡོད། གསུམ་ནི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་སྟེ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། མཚོ་ཐོག་སྐྱེལ་འདྲེན་ཟོག་འགྲེམས་དང་ཐོན་ལས་མཉམ་ལས་ཀྱི་ཁྱབ་ཁོངས་ཆེན་པོ་གཉིས་རྒྱ་ཆེར་གཏང་དགོས། བཞི་ནི་ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སྟེ། བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་དང་དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་ལ་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་རང་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་དྲང་ནུས་སྔར་བས་མང་བ་སྣོན་དགོས། 

ལི་ཀྲན་ཧྲུའུ་ཡིས་ཀྲུང་གོའི་པྲོག་གསར་ནད་དུག་ཁུངས་འདེད་གྱི་གནད་དོན་སྐོར་གྱི་རྩ་དོན་དང་ལངས་ཕྱོགས་ངོ་སྤྲོད་བྱས། ལི་ཀྲན་ཧྲུའུ་ཡིས་བསྟན་དོན། པྲོག་གསར་ནད་དུག་འབྱུང་ཁུངས་ནི་རྙོག་འཛིང་ཆེ་བའི་ཚན་རིག་གི་གནད་དོན་ཞིག་ཡིན་པས། གོ་ལ་ཧྲིལ་བོའི་ཚན་རིག་པས་མཉམ་ལས་བྱས་ཏེ་ཞིབ་འཇུག་བྱེད་དགོས་ལ་བྱེད་ཀྱང་འོས། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་རེད། ཀྲུང་གོས་པྲོག་གསར་ནད་དུག་གོ་ལ་ཧྲིལ་བོའི་ཁུངས་འདེད་ཀྱི་ཚན་རིག་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། དེའི་ནང་ཧུར་ཐག་གིས་ཞུགས་ཏེ། རྒྱལ་ཁབ་སྐོར་ཞིག་གིས་ཚན་རིག་དང་དོན་དངོས་ལ་མ་བལྟོས་པར་གནད་དོན་ཁུངས་འདེད་ལ་ཁ་གཡར་ནས་འགན་འཁྲི་གློད་པ་དང་། “ཆབ་སྲིད་ཀྱི་ནད་དུག”ཁྱབ་སྤེལ་གཏོང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོས་སི་རི་ལན་ཁ་དང་མཉམ་དུ་ཞིབ་འཇུག་གི་ཚན་རིག་རང་བཞིན་དང་གཟབ་ནན་རང་བཞིན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། གོ་ལ་ཧྲིལ་བོའི་རིམས་འགོག་མཉམ་ལས་ཀྱི་རྣམ་པ་བཟང་པོར་སྲུང་སྐྱོང་བྱེད་འདོད་ཡོད། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སི་རི་ལན་ཁའི་གྲོས་ཚོགས་དང་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་མཛའ་མཐུན་ཚོ་ཆུང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། ཕྱོགས་གཉིས་པོའི་མཉམ་ལས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་དང་བཟོ་བཅོས་བརྒྱབ་སྟེ། དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ཕན་ཚུན་སློབ་སྦྱོང་དང་དཔྱད་བསྡུར་བྱེད་དགོས། ས་ཁུལ་དང་གོ་ལ་ཧྲིལ་བོའི་རང་བཞིན་གྱི་གནད་དོན་ཐད་གླེང་མོལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་སོགས་ཕྱོགས་མང་པོའི་གྲོས་ཚོགས་རྩ་འཛུགས་ཁྲོད་འབྲེལ་གཏུག་དམ་ཟབ་བྱེད་དགོས། 

ཨ་པེ་ཝ་ཏེ་ན་ཡིས་བསྟན་དོན། ཀྲུང་གོ་ནི་སི་རི་ལན་ཁའི་ཡུན་རིང་གི་ཉམས་སད་ཐེག་པའི་གྲོགས་པོ་ཡིན། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ། ཀྲུང་གོས་བདག་དབང་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། རིམས་ནད་འགོག་རྒོལ་སོགས་ཀྱི་ཐད་ནས་སི་རི་ལན་ཁ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་དུ་དར་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ལ། སི་རི་ལན་ཁའི་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝུའུ་ཝུའེ་ཧྭ་གྲོས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།