ཀྲུང་གོ་བོད་ཀྱི་དྲ་བ།

སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་རྒྱུགས་ལེན་མི་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡིས་ཟླ8པའི་ཚེས30ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ་དང་། སྟོན་དུས་སློབ་སྐབས་ཀྱི་སློབ་ཆུང་སློབ་མའི་སློབ་ཁྲིད་བྱ་བའི་གནས་ཚུལ་ལ་ངོ་སྤྲོད་བྱས། 

སློབ་མའི་ཡིག་རྒྱུགས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཆེད། སློབ་གསོ་པུའུ་ཡིས《འོས་འགན་སློབ་གསོའི་སློབ་གྲྭ་ཡི་རྒྱུགས་ལེན་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། ཡིག་རྒྱུགས་ཀྱི་བྱེད་ནུས་ངོས་འཛིན་ཡང་དག་བྱེད་པ་དང་ཡིག་རྒྱུགས་ལེན་ཐེངས་ཇེ་ཉུང་དུ་གཏོང་བ། ཡིག་རྒྱུགས་ཀྱི་འདྲི་གཞི་དོ་དམ་ཚད་ལྡན་དུ་གཏོང་བ། རྒྱུགས་འབྲས་ཀྱི་བེད་སྤྱོད་ལུགས་མཐུན་ཡོང་བ། སློབ་སྦྱོང་བརྒྱུད་རིམ་གྱི་གདེང་འཇོག་འཐུས་ཚང་དུ་གཏོང་བ། བསླབ་གཞིའི་རྒྱུ་སྤུས་ལྟ་ཞིབ་ལ་ཤུགས་སྣོན་པ། དོ་དམ་དང་ལྟ་སྐུལ་གྱི་ལམ་སྲོལ་ཆ་ཚང་ཡིན་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད། འོས་འགན་སློབ་གསོའི་བརྒྱུད་རིམ་གྱི་ཡིག་རྒྱུགས་ཀྱིས་སློབ་སྦྱོང་གི་གནས་ཚུལ་དང་སློབ་ཁྲིད་ཀྱི་གནས་ཚུལ་རྟོགས་པ། སློབ་ཁྲིད་ལ་ཤུགས་སྣོན་པ་རིམ་སྒྱུར་བྱེད་པ། སློབ་ཁྲིད་ཀྱི་སྤུས་ཚད་གདེང་འཇོག་བྱེད་པ་སོགས་ཀྱི་བྱེད་ནུས་བརྟག་ཐུབ་དགོས། འབྲིང་རིམ་སློབ་མའི་ཆུ་ཚད་ཡིག་རྒྱུགས་ལས་གཞན། ཡིག་རྒྱུགས་གཞན་དག་གིས་བདམས་ཐོན་དང་དབྱེ་འབྱེད་བྱེད་ནུས་མེད། 

《བརྡ་ཐོ》ལས་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་རྒྱུགས་ལེན་མི་ཆོག་པ་དང་། ལོ་རིམ་གཞན་དག་ལ་སློབ་གྲྭས་སློབ་སྐབས་རེར་མཇུག་རྒྱུགས་ཐེངས་གཅིག་ལེན་རྒྱུ་དང་། འབྲིང་རིམ་སློབ་མར་བསླབ་ཚན་སོ་སོའི་དོན་དངོས་ལ་གཞིགས་ནས་ལུགས་མཐུན་སྒོས་དཀྱིལ་རྒྱུགས་ཐེངས་གཅིག་ལེན་པ། ཡིག་རྒྱུགས་ཀྱི་དཀའ་ཚད་ལུགས་མཐུན་སྒོས་ཚོད་འཛིན་བྱེད་པ་ལས་དཔེ་དེབ་ལས་བརྒལ་བ་དང་སློབ་ཁྲིད་ཀྱི་ནང་དོན་ལས་བརྒལ་བའི་འདྲི་གཞི་རྒྱུགས་ལེན་མི་ཆོག་པ་གཏན་ཁེལ་གསལ་བོ་བྱས་ཡོད། རྒྱུགས་འབྲས་ལུགས་མཐུན་ངང་བེད་སྤྱོད་པ་དང་། དཀྱིལ་རྒྱུགས་དང་མཇུག་རྒྱུགས་ལ་རིམ་པ་དབྱེ་ནས་གདེང་འཇོག་བྱ་དགོས། ཡིག་རྒྱུགས་ལས་བྱ། རྒྱུན་ལྡན་གྱི་གདེང་འཇོག སྤུས་ཚད་ལྟ་ཞིབ་ཚད་ལེན་སོགས་ཐད་ཀྱི་འབྲེལ་བ་གཅིག་གྱུར་འཆར་འགོད་དང་ཐག་གཅོད་ཡག་པོ་བྱས་ནས་སློབ་མའི་ཕྱོགས་བསྡུས་བྱང་ཚད་དང་། སློབ་སྦྱོང་གི་གོམས་གཤིས་དང་སློབ་སྦྱོང་གི་མཚོན་ཚུལ། སློབ་སྦྱོང་ནུས་པ་དང་གསར་གཏོད་ཀྱི་སྙིང་སྟོབས་སོགས་ལ་ཕྱོགས་བསྡུས་གདེང་འཇོག་བྱ་རྒྱུར་མཐོང་ཆེན་བྱེད་དགོས། ས་གནས་སོ་སོ་དང་སློབ་གྲྭ་སོ་སོས《བརྡ་ཐོ》ཡི་བླང་བྱ་ལྟར་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱེད་དགོས།    །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།