ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ལཱ་སུའོ་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ལཱ་སུའོ་ལ་ཁ་པར་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཀྲུང་ཨེ་ཕྱོགས་གཉིས་པོས་ཕན་ཚུན་ལ་རྒྱབ་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་མཚོན་ཡོད། ཀྲུང་གོས་ཨེ་ཁྭ་ཏོར་གྱིས་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བར་བསྔགས་བརྗོད་བྱེད་ཀྱིན་ཡོད། འཛམ་གླིང་གི་ལོ་བརྒྱའི་དུས་འགྱུར་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་འདྲེས་པའི་རྙོག་འཛིང་ཆེ་བའི་གནས་བབ་འོག ཀྲུང་ཨེ་གཉིས་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པའི་ཆ་ནས། འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཕན་གྱི་ཟུར་ཚད་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚོད་འཛིན་དང་འཕེལ་རྒྱས་བཏང་སྟེ། མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྦྱོར་མཉམ་ལས་བྱས་ནས། ཀྲུང་ཨེའི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་རིང་ཞིང་སྟོབས་དང་ལྡན་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ཚད་ཤིང་དུ་བསྒྱུར་དགོས། ཀྲུང་གོས་ཨེ་ཁྭ་ཏོར་གྱིས་རིམས་ནད་འགོག་རྒོལ་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། ཨེ་ཁྭ་ཏོར་དང་རྣམ་པ་སྣ་ཚོགས་ཀྱི་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་བྱེད་འདོད་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཨེའི་འབྲེལ་བ་འཕེལ་རྒྱས་སྔར་བས་ཆེ་བ་འགྲོ་བའི་ཡིད་ཆེས་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨེ་ཁྭ་ཏོར་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་གཉིས་པོའི་རྨང་གཞིའི་སྒྲིག་ཆས་དང་། ནུས་རྒྱུ་གཏེར་ཁ། དངུལ་རྩ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་དཔལ་འབྱོར་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པས། སྔར་ལས་སྒོ་འབྱེད་དང་སྔར་ལས་གསོན་ཤུགས་ལྡན་པར་འགྲོ་ངེས། དེས་ཨེ་ཁྭ་ཏོར་སོགས་རྒྱལ་ཁབ་ལ་གོ་སྐབས་གསར་པ་སྤྲད་རྒྱུ་རེད། ཀྲུང་གོས་ཨེ་ཁྭ་ཏོར་གྱིས་ནང་འདྲེན་གྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྐྱོན་བྲལ་དང་གྲངས་འཛིན། ལྗང་མདོག་གི་དར་གོས་ལམ་བུ་སོགས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་མང་བ་གཏོད་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་ལས་ཆེ་བའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོས་ཨེ་ཁྭ་ཏོར་དང་མཉམ་དུ་ཕྱོགས་མང་ལས་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་འདོད་ཡོད། 

ལ་སུའོ་ཡིས་བསྟན་དོན། ངས་ཨེ་ཁྭ་ཏོར་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་སླར་ཡང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་མགོ་ཁྲིད་དེ་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བ་དང་། པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པ་སོགས་ཀྱི་གནད་དོན་ཐད་གྲུབ་འབྲས་རླབས་ཆེན་ཐོབ་པར་རྟེན་འབྲེལ་ཞུ། ཀྲུང་གོས་མཁོ་འདོན་བྱས་པའི་རིམས་འགོག་སྨན་ཁབ་ཀྱིས་ཨེ་ཁྭ་ཏོར་གྱིས་རིམས་ནད་འགོག་རྒོལ་ཐད་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པས། ཨེ་ཁྭ་ཏོར་གྱི་མི་དམངས་ཀྱིས་དེར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་བརྗེད་མི་སྲིད། ཨེ་ཁྭ་ཏོར་གྱིས་རིམས་ནད་ཆབ་སྲིད་ཅན་དང་བཙོག་མིང་ཅན་ལ་ངོ་རྒོལ་བྱས་ནས། ཀྲུང་གོ་དང་མཉམ་དུ་རིམས་འགོག་སྨན་ཁབ་མཉམ་ལས་མུ་མཐུད་དུ་གཏིང་ཟབ་བྱེད་པའི་རེ་བ་ཡོད། ཨེ་ཁྭ་ཏོར་གྱིས་ཀྲུང་གོ་ཉིད་ཆེས་གལ་ཆེ་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླར་བརྩིས་ནས། སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ཨེ་ཁྭ་ཏོར་ལ་མ་འཇོག་བྱེད་པར་དགའ་བསུ་ཞུ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།