ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནེར་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནེར་ལ་ཁ་པར་བཏང་། 

ཏི་ཡ་སི་ཁ་ནེར་གྱིས་བློ་མཐུན་ལོའར·ཁ་སི་ཐེ་ལུའོ་ཡིས་ཞི་ཅིན་ཕིང་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བཤད་བྱས་པ་དང་། ཉེ་དུས་ཀྱི་ཁུ་པའི་རྒྱལ་ནང་གནས་བབ་ཀྱི་བརྡ་ཁྱབ་བཏང་། ཞི་ཅིན་ཕིང་གིས་ཏི་ཡ་སི་ཁ་ནེར་ལ་བློ་མཐུན་ལའོར་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་བཤད་གནང་རོགས་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཁུ་པ་གུང་ཁྲན་ཏང་གི་སྟོབས་ལྡན་མགོ་ཁྲིད་འོག ཁུ་པའི་བློ་མཐུན་ཚོས་དབང་ཤེད་ལ་མི་སྐྲག་ཅིང་ཞུམ་མེད་འཐབ་རྩོད་བྱས་ཏེ། གསར་བརྗེའི་གྲུབ་འབྲས་སྲུང་སྐྱོབ་ནུས་ལྡན་བྱས་ཡོད། ལོ་རྒྱུས་ལ་བལྟས་ན། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ནི་སྔར་ནས་བཟུང་ཚེགས་མེད་ལྷུན་གྲུབ་ཅིག་མ་རེད། གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་འཐབ་རྩོད་ཁྲོད་དུ་འཚོ་གནས་དང་འཕེལ་རྒྱས། རྒྱལ་ཁ་བཅས་བརྩོན་ལེན་བྱེད་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འདོད་པར། རྒྱལ་ཁབ་སོ་སོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་བུ་རང་བདག་ངང་འདེམས་པའི་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་ལ། རྒྱལ་ཁབ་གཞན་ལ་ཕྱོགས་རྐྱང་པའི་བཀག་སྡོམ་བྱ་རྒྱུར་ངོ་རྒོལ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་དགོས། ཀྲུང་གོས་སྔར་རྒྱུན་བཞིན་ཁུ་པས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་ནས། དར་རྒྱས་དང་རྒྱུན་མཐུད་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། ཁུ་པས་རྒྱལ་ཁབ་ཀྱི་བདག་དབང་ལ་བདེ་འཇགས་སྲུང་སྐྱོབ་དང་། བཙན་དབང་ལ་བརྟེན་ནས་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་ཁུ་པས་རིམས་ནད་འགོག་རྒོལ་དང་དམངས་འཚོ་ལེགས་བཅོས་བྱེད་པར་ནུས་པས་གང་ལྕོགས་ཀྱི་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁུ་པས་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཕེལ་རྒྱས་གསར་པ་མངོན་འགྱུར་འབྱུང་བར་ཡིད་ཆེས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་སྐབས་རིམ་པའི་མགོ་ཁྲིད་མི་སྣས་གསོ་སྐྱོང་ཞིབ་ཚགས་དང་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན། ཀྲུང་གོ་དང་ཁུ་པའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་ཡང་། ཀྲུང་གོས་ཀྲུང་གོ་དང་ཁུ་པའི་བར་གྱི་ཡུན་རིང་མཛའ་མཐུན་མཐའ་འཁྱོངས་ཀྱི་བྱེད་ཕྱོགས་ལ་འགྱུར་བ་གཏོང་མི་སྲིད་ལ། ཀྲུང་གོ་དང་ཁུ་པའི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་འདོད་འདུན་ལ་འགྱུར་ལྡོག་འགྲོ་མི་སྲིད། ཁུ་པ་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་རོགས་དང་། ཐུན་མོང་འཕེལ་རྒྱས་ཀྱི་རོགས་ཟླ། རིམས་ནད་སྔོན་འགོག་གི་མིག་དཔེ། འཐབ་ཇུས་མཉམ་ལས་ཀྱི་འཐབ་གྲོགསབཅས་བྱེད་འདོད་ཡོད། ཀྲུང་གོས་ཁུ་པ་དང་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཏང་སྐྱོང་རྒྱལ་སྐྱོང་ཐད་ཀྱི་འབྲེལ་འདྲིས་དང་དཔྱད་བསྡུར་ལ་ཤུགས་སྣོན་བརྒྱབ་ཅིང་། རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཁུ་པའི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ཕྱོགས་མང་གི་གནས་བབ་ཐོག འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་ཐོག་ཁུ་པ་ལ་གཏམ་དྲང་མོ་བཤད་པ་དང་དོན་དངོས་མ་སྒྲུབ་རྒྱུ་ཡིན།

ཏི་ཡ་སི་ཁ་ནེར་གྱིས་བསྟན་དོན། ཀྲུང་གོས་དུས་ཡུན་རིང་པོར་ཁུ་པར་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ། དེའི་ནང་ཁུ་པས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རིམས་འགོག་དངོས་རྫས་མཁོ་འདོན་བྱས་པ་ཚུད་ལ། དེས་ཁུ་པ་དང་ཀྲུང་གོའི་སྤུན་ཟླ་ལྟ་བུའི་མཛའ་བརྩེ་མཚོན། ཁུ་པ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། ཀྲུང་གོ་དང་མཉམ་དུ་ཏང་བར་གྱི་འགྲོ་འོང་འབྲེལ་འདྲིས་དང་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་། ཁུ་པ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། ཁུ་པས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་པ། རིམས་ནད་ཆབ་སྲིད་ཅན་དང་སྐུར་འདེབས་ཅན་ལ་ངོ་རྒོལ་བཅས་བྱེད་འདོད་ཡོད། ཁུ་པས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས་ཏེ། ཐའེ་ཝན་དང་འབྲེལ་བ་དང་ཤིན་ཅང་དང་འབྲེལ་བ་སོགས་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་མུ་མཐུད་དུརྒྱབ་སྐྱོར་བྱ་རྒྱུ་ཡིན། ཁུ་པས་ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།