ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལོན་དགོས།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལོན་དགོས།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་སྐོར་ལ་དཔྱད་པ། 

“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་བསྐྲུན་པ་ནི། མི་རིགས་སོ་སོའི་སྣེ་ཁྲིད་ནས་སྐྱིད་སྡུག་མཉམ་མྱོང་དང་། གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་། ཤི་གསོན་མཉམ་གནས། ལས་དབང་མཉམ་མྱོང་བཅས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བསྐྲུན་རྒྱུ་དེ་ཡིན།” ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འཐབ་ཇུས་མཐོ་ཚད་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་འཛུགས་པའི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་འཛུགས་པ་དེ་ཏང་གི་དུས་རབས་གསར་བའི་མི་རིགས་བྱ་བའི་གཙོ་གནད་དུ་བཟུང་ནས། མི་རིགས་སོ་སོས་རླབས་ཆེན་ཀྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཚད་མཐོའི་ངེས་ལེན་སྲ་བརྟན་དུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་མུ་མཐུད་དུ་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྩ་བ་དང་མི་རིགས་མཐུན་སྒྲིལ་གྱི་གཞི་མ། བསམ་བློའི་སྟོབས་ཤུགས་ཀྱི་བླ་སྲོག་ཡིན། རང་རྒྱལ་ནི་མི་རིགས་མང་པོ་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་ཏེ། ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་སྣ་མང་གཅིག་འདུས་ཀྱི་ཀྲུང་ཧྭ་མི་རིགས་གྲུབ་པ་ཡིན། ང་ཚོའི་རྒྱ་ཆེ་བའི་མངའ་ཁོངས་ནི་མི་རིགས་སོ་སོས་ཐུན་མོང་ཐོག་རྒྱ་བསྐྱེད་པ་དང་། ང་ཚོའི་རྒྱུན་རིང་བའི་ལོ་རྒྱུས་ནི་མི་རིགས་སོ་སོས་ཐུན་མོང་ཐོག་བརྩམས་པ་ཡིན། ང་ཚོའི་ངོ་མཚར་ལྡན་པའི་རིག་གནས་ནི་མི་རིགས་སོ་སོས་ཐུན་མོང་གིས་བསྐྲུན་པ་ཡིན། ང་ཚོའི་རླབས་ཆེ་བའི་སྙིང་སྟོབས་ནི་མི་རིགས་སོ་སོས་ཐུན་མོང་ཐོག་གསོ་སྤེལ་བྱས་པ་ཡིན། རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་དབུགས་ལམ་གཅིག་གྱུར་དང་། ལས་དབང་གཅིག་མཐུན། སེམས་དང་སེམས་པ་སྦྲེལ་བའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནི་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཆེན་མོ་དང་གསར་སྐྲུན་བྱེད་ཤུགས་ཁྱད་འཕགས་ཀྱི་འབྱུང་ཁུངས་ཡིན། ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་སོ་སོའི་མཉམ་འདྲིས་འདུ་འགྲིལ་ལས་སྣ་མང་གཅིག་འདུས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་གྲུབ་པ་ཡིན་ལ། མི་རིགས་སོ་སོས་ཐུན་མོང་ཐོག་གསར་སྐྲུན་དང་གོང་འཕེལ། སྲ་བརྟན་དུ་བཏང་བའི་རླབས་ཆེན་མེས་རྒྱལ་གྱི་ལོ་རྒྱུས་ཡིན། ཀྲུང་ཧྭ་མི་རིགས་སྣ་མང་གཅིག་འདུས་ནི་སྔོན་བྱོན་མི་སྣས་ང་ཚོར་བཞག་པའི་ཤུལ་བཞག་རྩ་ཆེན་ཡིན་ལ། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ལེགས་ཆ་ཆེན་པོ་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་རིགས་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་གསོ་སྐྱོང་བྱེད་པར་དམིགས་ནས། གསར་གཏོད་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལ་སྐུལ་འདེད་བཏང་བ་དང་། གྲུབ་འབྲས་མངོན་གསལ་བླངས་ཡོད། མི་རིགས་སོ་སོའི་འགྲོ་འོང་འབྲེལ་འདྲིས་གཅིག་འདྲེས་རྒྱ་ཆེར་སྤེལ་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ལ། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སོང་ཡོད།  ཀྲུང་ཧྭ་མི་རིགས་ནི་ལས་དབང་ཐུན་མོང་འདུས་གྲུབ་ཅིག་ཡིན་ཏེ། གཅིག་གྲགས་ཀུན་གྲགས་དང་། གཅིག་འཇིག་ཀུན་འཇིག་ཡིན། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་ཡིན་ལ། མི་རིགས་སོ་སོ་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་འཕེལ་རྒྱས་འགྲོ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གི་གཞི་དང་། སྟོབས་ཤུགས་ཀྱི་ཁུངས། རེ་བའི་ལྟོས་ཡིན་པར་ལོ་རྒྱུས་དང་དོན་དངོས་ཀྱི་ར་སྤྲོད་བྱས་ཡོད།

དེང་དུས་ཀྱི་འཛམ་གླིང་ནི་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཁྲོད་གནས་ཤིང་། རང་རྒྱལ་ཡང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཀྱི་འགག་རྩའི་དུས་མཚམས་སུ་གནས། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་གདོང་གཏད་དུས། ང་ཚོས་སྔར་བས་མཐུན་སྒྲིལ་ཐུན་མོང་དང་སྟོབས་ཤུགས་གཅིག་བསྡུས་བྱས་ནས། ཀྲུང་གོའི་འཕེལ་རྒྱས་ཀྱི་འཁོར་ཆེན་རྒྱལ་ཁའི་ངང་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བསྐྲུན་རྒྱུ་ནི་མི་རིགས་སོ་སོའི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་དང་། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པར་མ་ཟད། ཏང་གི་མི་རིགས་ཀྱི་བྱ་བའི་གནས་བབ་གསར་བ་སྐྲུན་པའི་དགོས་ངེས་ཀྱི་བླང་བྱ་ཡང་ཡིན། ངེས་ཤེས་གཏིང་ཟབ་ཏུ་གཏོང་དགོས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བསམ་བློའི་ལྕགས་རི་བརྟན་པོར་བསྐྲུན་ཏེ། མི་རིགས་སོ་སོས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་བརླིང་ལ་སྲུང་སྐྱོབ་བྱས་ན། ད་གཟོད་ཐལ་དྲག་དང་ཁ་བྲལ་གྱི་བསམ་བློ་སྣ་ཚོགས་ཀྱི་སིམ་འཛུལ་དང་རྩ་སློག་ལ་བཀག་འགོག་ནུས་ལྡན་བྱེད་ཐུབ་ལ། རྒྱུན་ཆད་མེད་པར་རིགས་སོ་སོའི་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱེད་ཐུབ་ཅིང་། མི་རིགས་སོ་སོའི་རྩ་བའི་ཁེ་ཕན་མངོན་འགྱུར་དང་སྲུང་སྐྱོབ། འཕེལ་རྒྱས་བཅས་གཏོང་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་བཙུགས་ན། ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་གོ་རིམ་ཁྲོད་མི་རིགས་ཁྱབ་ཁོངས་སུ་འབྱུང་སྲིད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་བྱེད་ཐུབ་ལ། ཏང་དང་རྒྱལ་ཁབ་ཀྱི་ཡར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་བཀོད་ལ་བསམ་བློའི་ཁག་ཐེག་གལ་ཆེན་མཁོ་འདོན་བྱེད་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་བཙུགས་ན། ད་གཟོད་མི་རིགས་སོ་སོའི་ཀྲུང་ཧྭ་མི་རིགས་ཀྱི་རང་རྟོག་ངེས་ལེན་ཆེ་རུ་གཏང་ཐུབ་ལ། རང་རྒྱལ་གྱི་མི་རིགས་འབྲེལ་བའི་འཕེལ་རྒྱས་ལ་བསམ་བློའི་རྨང་གཞི་སྲ་བརྟན་གཏང་ཐུབ་ཅིང་།  ཀྲུང་ཧྭ་མི་རིགས་འདི་ངེས་ལེན་ཚད་ཆེས་མཐོ་ཞིང་འགྲིལ་ཤུགས་ཆེས་ཆེ་བའི་ལས་དབང་ཐུན་མོང་འདུས་གྲུབ་ཏུ་གྱུར་བར་སྐུལ་འདེད་གཏོང་ཐུབ། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས། ཐུན་མོང་རང་བཞིན་ཆེར་གཏོང་བར་ཕྱོགས་ནས་མི་རིགས་བྱ་བ་ལེགས་བཅོས་བྱས་ཏེ། ཐུན་མོང་རང་བཞིན་དང་ཧེ་བག་རང་བཞིན་གཉིས་རྩོད་སྒྲུབ་གཅིག་གྱུར་དང་། མི་རིགས་ཀྱི་རྒྱུ་དང་ས་ཁུངས་ཀྱི་རྒྱུ་གཉིས་ཟུང་འབྲེལ་དམ་ཚགས་བྱས་ན། ད་གཟོད་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་ལེགས་ཤིང་ཞིབ་ལ། ཏན་ཏིག་ངང་སྒྲུབ་ཐུབ། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ཏང་གི་མི་རིགས་བྱ་བ་གསར་གཏོད་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཡང་དག་པ་མཐའ་འཁྱོངས་དང་། རྗེས་ལུས་པ་དག་སྒྲིག་བྱས་ཏེ་མི་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་རྒྱུ་དེ་རེད།” དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་ལེགས་པོར་བསྒྲུབས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་འཛུགས་པར། ཕྱོགས་འགའི་འབྲེལ་བར་གཙོ་གནད་སྒོས་ཚོད་འཛིན་བྱེད་དགོས་ཏེ། ཐུན་མོང་རང་བཞིན་དང་ཧེ་བག་རང་བཞིན་གྱི་འབྲེལ་བར་ཚོད་འཛིན་ལེགས་པོ་བྱས་ནས། ཐུན་མོང་རང་བཞིན་དང་ཕན་ཚུན་བརྩི་བཀུར་ཆེ་རུ་གཏོང་བ་དང་། ཧེ་བག་རང་བཞིན་ལ་གུ་ཡངས་བྱེད་པ་ནི་མི་རིགས་བྱ་བའི་རྩ་དོན་གལ་ཆེན་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་དང་མི་རིགས་སོ་སོའི་འདུ་ཤེས་ཀྱི་འབྲེལ་བར་ཚོད་འཛིན་བྱེད་དགོས་ཏེ། མི་རིགས་སོ་སོར་སྣེ་ཁྲིད་བྱས་ནས་ཐོག་མཐའ་ཀུན་ཏུ་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་གཙོ་བོར་བཞག་ནས། མི་རིགས་རང་གི་འདུ་ཤེས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་ལ་ཞབས་ཞུ་བྱེད་པ་དང་། དུས་མཚུངས་སུ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་འཛུགས་པའི་བརྒྱུད་རིམ་ཁྲོད་རང་མི་རིགས་ཀྱི་ཁེ་ཕན་བྱེ་བྲག་པ་མངོན་འགྱུར་བྱེད་དགོས། རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འཛུགས་པར་ཕན་པ་མེད། ཀྲུང་ཧྭའི་རིག་གནས་དང་མི་རིགས་རིག་གནས་ཀྱི་འབྲེལ་བར་ཚོད་འཛིན་བྱེད་དགོས་ཏེ། མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཡིན། ཀྲུང་ཧྭའི་རིག་གནས་གཞུང་རྟ་ཡིན་ལ། མི་རིགས་སོ་སོའི་རིག་གནས་ནི་ཡལ་འདབ་ཡིན། གཞུང་རྟ་སྦོམ་ན་ཡལ་འདབ་རྒྱས་ཐུབ། དངོས་པོ་དང་བསམ་པའི་འབྲེལ་བར་ཚོད་འཛིན་བྱེད་དགོས་ཏེ། བཅོས་དསྒྱུར་གོང་སྤེལ་ཡོངས་ལ་ཀྲུང་ཧྭ་མི་རིིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་ཀྱི་དོན་སྙིང་དང་། གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་གྱི་དོན་སྙིང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་བསྡུས་ཀྱི་དོན་སྙིང་བཅས་སྤྲད་དེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་སྲ་ཞིང་བརྟན་པོར་འཛུགས་དགོས།  

ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ཁྲོད། མི་རིགས་སོ་སོ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས། ལག་ཟུང་དམ་པོར་སྦྲེལ་ཏེ་རོགས་རེས་རོགས་འདེགས་བྱས་ན། མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་འབྱུང་སྲིད་ལ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་སྐྱེ་སྟོབས་ལྡན་ཞིང་ཉམས་པ་མེད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་བསྐྲུན་པའི་ལོ་རྒྱུས་ཀྱི་དགོས་ངེས་རང་བཞིན་དང་མཐར་ཐུག་གིི་གལ་ཆེན་རང་བཞིན། དོན་དངོས་ཀྱི་དམིགས་གཏད་རང་བཞིན་བཅས་གཏིང་ཟབ་ངང་རྟོགས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་བསྐྲུན་པ་གཙོར་བཟུང་སྟེ། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ན། ང་ཚོས་ངེས་པར་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་བསྡུས་ནས་ཀྲུང་ཧྭ་མི་རིགས་ཀྱི་སྔར་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བསྐྲུན་ཐུབ། ། 


རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།