ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི་དང་བྱ་སྤྱོད་རིན་ཐང》ཡིག་ཆ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས26ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི་དང་བྱ་སྤྱོད་རིན་ཐང》ཡིག་ཆ་ཁྱབ་བསྒྲགས་བྱས།

ཡིག་ཆ་ལྟར་ན། ལོ་ངོ100ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་སྒོས་ཡོད་ཚད་ཧུར་བརྩོན་དང་། ཡོད་ཚད་བློས་གཏོང་། ཡོད་ཚད་གསར་གཏོད་བཅས་བྱས་པ་དེ། མདོར་ན་བརྗོད་དོན་གཅིག་ཏུ་བསྡུས་ཆོག་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དེ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལས་འགན་ཡིན་ཞིང་། མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཧུར་བརྩོན་དམིགས་འབེན་གྱི་འགྱུར་མེད་དམ་བཅའ་ཡིན། 

ཡིག་ཆ་ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ཀྱི་ཆེད་དུ་ཧུར་བརྩོན་བྱེད་པའི་སྲིད་ཏང་ཞིག་ཡིན་ཞིང་། མི་དམངས་གོ་གནས་དང་པོར་བཞག་ཏེ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏན་སྲོལ་དང་མི་དམངས་ཀྱི་ལོ་རྒྱུས་གོ་གནས་ལ་བརྩི་མཐོང་བྱེད་པའི་གཅིག་མཐུན་རང་བཞིན་རྒྱུན་འཁྱོངས་དང་། བླ་མེད་ཕུགས་འདུན་གྱི་ཆེད་དུ་འབད་བརྩོན་བྱེད་པ་དང་རྒྱ་ཆེའི་མི་དམངས་ཀྱི་ཁེ་ཕན་གྱི་གཅིག་མཐུན་རང་བཞིན་རྒྱུན་འཁྱོངས་བྱེད་པ། ཏང་གི་ལས་དོན་སོ་སོ་དང་མི་དམངས་ཀྱི་ཁེ་ཕན་གྱི་གཅིག་མཐུན་རང་བཞིན་ལེགས་འགྲུབ་རྒྱུན་འཁྱོངས་བྱས་ནས། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ལས་དོན་ལ་མདུན་དུ་སྐུལ་འདེད་བྱེད་པ་ཞིག་ཡིན། 

ཡིག་ཆ་ལས་བསྟན་དོན། མར་ཁེ་སི་རིང་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་བསམ་བློའི་མཛུབ་སྟོན་དང་ཏང་གི་བླ་སྲོག་ཡིན་ལ། ཏང་གིས་མུ་མཐུད་དུ་མདུན་དུ་བསྐྱོད་པར་ཕྱོགས་སྟོན་བྱེད་པའི་འོད་སྟོང་འབར་བའི་དར་ཆ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བའི་མཐར་ཐུག་གི་རྩ་བ་ནི་མར་ཁེ་སི་རིང་ལུགས་བཟང་བ་དེ་ཡིན། ཏང་གི་ཧུར་བརྩོན་ལོ་རྒྱུས་ནི། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཡིན་ལ། མུ་མཐུད་དུ་གཞུང་ལུགས་གསར་གཏོད་དང་། གཞུང་ལུགས་གསར་སྐྲུན་གྱི་གཞུང་ལུགས་འཚོལ་ཞིབ་བྱེད་པའི་ལོ་རྒྱུས་ལ་སྐུལ་འདེད་གཏོང་བ་དེ་ཡིན།

ཚད་ལྡན་ཡིག་ཆ་ལྟར་ན། ཀྲུང་གོ་གུང་ཁྲན་ཏང་ལྟ་བུའི་ཏང་ཆེན་པོ་ཞིག་གིས་ཀྲུང་གོ་ལྟ་བུའི་རྒྱལ་ཁབ་ཆེན་པོ་ཞིག་ནས། མི་དམངས་དུང་ཕྱུར་གྱི་སྣེ་ཁྲིད་དེ་མཐུན་སྒྲིལ་གཅིག་སྒྲིལ་བྱས་ཏེ། དཀའ་ཁག་ཐེངས་རེ་རེ་བསལ་ཞིང་། འགྲན་རྩོད་དང་ཉེན་ཁ་རེ་རེ་ལས་རྣམ་པར་རྒྱལ་ཐུབ་པའི་གནད་འགག་དེ་མཐུན་སྒྲིལ་གཅིག་གྱུར་ལ་ཐུག་ཡོད་པས། དེར་མགོ་ཁྲིད་ཀྱི་སྲིད་སྐྱོང་ནུས་ཤུགས་དྲག་པོ་ཞིག་ལྡན་པ་རེད། 

ཡིག་ཆ་ལས། ཏང་གི་ལོ་བརྒྱའི་གོ་རིམ་ཁྲོད་སྔར་བཞིན་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་ལང་ཚོའི་གསོན་ཤུགས་རྒྱུན་འཁྱོངས་བྱེད་པ་དེ་ནི། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ཐུབ་པ་མ་ཟད། རླབས་ཆེ་བའི་རང་ཉིད་གསར་བརྗེ་བྱས་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་པ་དང་། དུས་བསྟུན་མདུན་བསྐྱོད་ཀྱིས་རང་ཉིད་གཙང་བཟོ་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་བསྒྱུར། རང་ཉིད་མཐོར་འདེགས་བཅས་བྱས་ནས་ལུང་ཕུང་བདེ་ཐང་དང་གསོན་ཤུགས་རྒྱུན་འཁྱོངས་བྱས་ཡོད་ཟེར། 

ཡིག་ཆ་ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་ཏང་ཞིག་ཡིན་པ་མ་ཟད། མིའི་རིགས་ཀྱི་ལས་དོན་ཡར་རྒྱས་ཐད་འབད་བརྩོན་བྱེད་པའི་སྲིད་ཏང་ཞིག་ཡིན།རྒྱལ་སྤྱིའི་འགྱུར་ལྡོག་ཇི་ལྟར་ཆེ་ནའང་།  ཀྲུང་གོ་གུང་ཁྲན་ཏང་གིས་ཞི་བདེ་དང་འཕེལ་རྒྱས། དྲང་བདེན། དྲང་བཞག དམངས་གཙོ། རང་དབང་གི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་རྒྱུན་འཁྱོངས་བྱས་པ་དང་།རྒྱལ་སྤྱིའི་རིང་ལུགས་ཀྱི་དགོངས་པ་དར་སྤེལ་བྱེད་པ། མཐའ་གཅིག་ཏུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་མིའི་རིགས་ཡར་རྒྱས་ཀྱི་ཕྱོགས་སུ་འགྲེང་སྟེ། འཛམ་གླིང་ཞི་བདེ་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པ་ཡིན་ཞེས་བསྟན།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།