ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ནོར་ཁྲལ་རྒྱབ་སྐྱོར་གྱི་བྱ་ཐབས་བཀོད་སྒྲིག་གནང་

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ནོར་ཁྲལ་རྒྱབ་སྐྱོར་གྱི་བྱ་ཐབས་བཀོད་སྒྲིག་གནང་བ་དང་། 《ཀྲུང་གོའི་བུད་མེད་ཀྱི་འཕེལ་རྒྱས་རྩ་གནད(2021ལོ་ནས2030ལོའི་བར)》དང《ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད(2021ལོ་ནས2030ལོའི་བར)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ནོར་ཁྲལ་རྒྱབ་སྐྱོར་གྱི་བྱ་ཐབས་བཀོད་སྒྲིག་གནང་བ་དང་། 《ཀྲུང་གོའི་བུད་མེད་ཀྱི་འཕེལ་རྒྱས་རྩ་གནད(2021ལོ་ནས2030ལོའི་བར)》དང《ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད(2021ལོ་ནས2030ལོའི་བར)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་འདུས་བསྟན་དོན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། ནོར་ཁྲལ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་མ་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། སྐྱེ་ཁམས་སྔོན་འགྲོ་དང་། ལྗང་མདོག་འཕེལ་རྒྱས་ཀྱིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཅིག་ནི་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་དགོས། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོར་སྤོ་སྒྱུར་གཏོང་ཐེངས་ཇེ་མང་དུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་ལ་ཁ་གསབ་བྱེད་ཤུགས་ཇེ་ཆེ་དང་། ཆུའི་སྦགས་བཙོག་འགོག་བཅོས་ཀྱི་མ་དངུལ་གྱི་གཟིགས་སྐྱོང་ཤུགས་ཆེར་བཏང་སྟེ། མཁར་གྲོང་གི་བཙོག་ཆུའི་གཙང་སེལ་སྦུག་དྲ་བསྒྱུར་བཀོད་དང་ཐག་གཅོད་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཉམས་གསོ་བྱ་བར་གཅིག་གྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་དེ་གཙོ་གནད་དུ་འབྲི་ཆུའི་དཔལ་འབྱོར་རྒྱུད་དུ་གཏོང་དགོས། ས་གནས་ཀྱིས་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྐྱིན་གསབ་ལམ་སྲོལ་འཛུགས་པར་ཁྲིད་སྟོན་བྱ་དགོས། འབྲི་ཆུའི་རྒྱུད་དུ་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པའི་བླང་བྱ་དོན་འཁྱོལ་བྱས་ནས། གཙོ་གནད་ཆུ་ཁོངས་ཀྱི་ཉ་འཛིན་མི་ཆོག་པ་དང་ཉ་པའི་བདེ་བཀོད་འགན་ལེན་བྱ་བར་རྒྱབ་སྐྱོར་བྱ་དགོས། གཉིས་ནི་འབྲི་ཆུའི་ཆུ་ལམ་གཙོ་བོའི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ནས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་གྱི་ནུས་རྒྱུ་ཟད་གྲོན་དང་། མ་གནས་དམའ་བའི་ལེགས་ཆ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུར་དམིགས་ཏེ། གྲུ་ལམ་གལ་ཆེན་བཅོས་སྒྲིག་དང་། འབྲི་ཆུའི་ཆུ་ལམ་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་བ། ཡན་ལག་གྲུ་ལམ་གྱི་རིམ་པ་མཐོ་རུ་གཏོང་བ་བཅས་བྱ་དགོས། གཙང་པོའི་འགྲམ་རྒྱུད་ཀྱི་ལྕགས་ལམ་དང་།  མ་ལམ་གཞུང་ལམ། གནམ་གྲུ་འབབ་ཐང་སོགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཆུ་མཛོད་དང་། ཆུ་འདྲེན་ལས་གྲྭ། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཆུ་བོ་ཆུང་འབྲིང་བཅོས་སྐྱོང་དང་དབུས་རྒྱུད་ཀྱི་ས་ཆུ་སྲུང་འཛིན་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནི་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཐོན་ནུས་རྗེས་ལུས་ཅན་སེལ་བ་དང་། བཟོ་སྐྲུན་ལས་རིགས་རིག་ནུས་ཅན་དུ་སྒྱུར་བ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། བཞི་ནི་སྒོ་འབྱེད་ཀྱི་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱིས་སྔོན་ལ་ཚོད་ལྟ་བྱ་བར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཁག་ཐེག་ཁུལ་སྐྲུན་དགོས། འདྲེན་ཚུགས་གྲུ་ཁའི་ཁྲལ་སློག་སྲིད་ཇུས་དོན་འཁྱོལ་བྱ་དགོས། ཁེ་ལས་ཆུང་འབྲིང་རྒྱལ་སྤྱིའི་ཚོང་རར་ཞུགས་པར་རྒྱབ་སྐྱོར་བྱས་ནས། ཕྱི་ཕྱོགས་ཉོ་ཚོང་རིགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། 

ཚོགས་འདུས་བསྟན་དོན། ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཁྱོན་ཡོངས་འཕེལ་རྒྱས་འཕེལ་རིམ་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་ལ་དཔྱད་ཞིབ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། བྱིས་པ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན། ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཚོགས་འདུས《ཀྲུང་གོའི་བུད་མེད་ཀྱི་འཕེལ་རྒྱས་རྩ་གནད(2021ལོ་ནས2030ལོའི་བར)》དང《ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད(2021ལོ་ནས2030ལོའི་བར)》ལ་གྲོས་འཆམ་བྱུང་། རྩ་གནད་གཉིས་ཀྱིས་བདེ་ཐང་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་དང་ཕན་བདེ། ཁྱིམ་ཚང་། ཁོར་ཡུག བཅའ་ཁྲིམས་སོགས་ཁྱབ་ཁོངས་ལ་དམིགས་ཏེ། དམིགས་འབེན་དང་བྱེད་ཐབས་བཏོན་ཡོད། སྐྱེས་པ་དང་བུད་མེད་འདྲ་མཉམ་ཡིན་པའི་གཞི་རྩའི་རྒྱལ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བླང་བྱ་བཏོན་ནས། བུད་མེད་ཀྱིས་འདྲ་མཉམ་གྱི་སྒོ་ནས་སློབ་གསོ་དང་ལེན་དང་། ལས་ཞུགས་ལས་གཏོད། ཐབས་ཇུས་དང་དོ་དམ་སོགས་ཀྱི་ཁེ་དབང་ལོངས་སུ་སྤྱོད་པར་འགན་ལེན་བྱ་དགོས། ཁྱོན་ཡོངས་ནས་ཕོ་མོའི་ལས་ཀ་འདྲ་ལ་ཐོབ་ཆའང་འདྲ་བ་དོན་འཁྱོལ་བྱ་དགོས། ཁྱིམ་ཚང་དང་བུད་མེད་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པའི་སྤྱི་པའི་ཞབས་ཞུ་རྒྱ་བསྐྱེད་གཏོང་དགོས། བུད་མེད་ཀྱི་དམིགས་བསལ་དགོས་མཁོར་དམིགས་ཏེ། སྤྱི་ཚོགས་འགན་སྲུང་གི་མ་ལག་འཐུས་ཚང་དུ་གཏོང་དགོས། དཀའ་ངལ་ཡོད་པའི་བུད་མེད་ཀྱི་གཞི་རྩའི་འགན་སྲུང་དང་གཅེས་སྐྱོང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པའི་བཅའ་ཁྲིམས་ཀྱི་མ་ལག་འཐུས་ཚང་དུ་གཏོང་དགོས། བྱིས་པ་དམིགས་བསལ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས། དྲ་བ་བཅས་ཀྱིས་བྱིས་པར་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱེད་པར་སྔར་བས་མཐོང་ཆེན་བྱེད་དགོས། འོས་འགན་སློབ་གསོ་དེ་སློབ་གསོའི་དངུལ་གཏོང་གི་གལ་ཆེའི་ནང་གི་འགངས་ཆེན་དུ་བཟུང་ནས། བྱིས་པའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བྱིས་པའི་བདེ་ཐང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། བྱིས་པའི་བཟའ་ཆས་མཁོ་སྤྱོད་དངོས་རྫས་ཉེན་མེད་ལ་འགན་སྲུང་བྱེད་དགོས། དྭ་ཕྲུག་དང་དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ། དབང་བོ་སྐྱོན་ཅན་གྱི་བྱིས་པ། འཁྱམ་ཉུལ་བྱིས་པ་བཅས་ཀྱི་འཚོ་གནས་དང་། འཕེལ་རྒྱས། བདེ་འཇགས་བཅས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་དགོས། གཞིས་སྲུང་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་མའི་བརྙས་བཅོས་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱ་དགོས། རྩ་གནད་གཉིས་ཀྱི་ནང་གསལ་བོར་བསྟན་དོན། བྱིས་པ་གསུམ་གྱི་བུ་བཙའི་སྲིད་ཇུས་ཀྱི་ལེ་ལག་ཚང་བའི་རྒྱབ་སྐྱོར་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། བྱིས་པ་སྐྱེས་པའི་ངལ་གསོའི་ལམ་ལུགས་དང་བུ་བཙའི་རོགས་སྐྱོར་དོན་འཁྱོལ་བྱེད་པ། ཕ་མའི་བྱིས་པ་གསོ་བའི་གུང་གསེང་འཚོལ་ཞིབ་དང་ལག་བསྟར་བྱེད་པ། སྡེ་ཁུལ་ལ་བརྟེན་ནས་ཀུན་ཕན་བཅོལ་གསོ་ཞབས་ཞུ་འཕེལ་རྒྱས་གཏོང་བ། ལོ་གསུམ་མན་གྱི་བྱིས་པའི་ལྟ་རྟོག་ཞབས་ཞུའི་འགྲོ་གྲོན་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་ནང་ནས་འཐེན་རྒྱུར་སྐུལ་འདེད་གཏོང་བ། སྡོད་ཁང་སོགས་རྒྱབ་སྐྱོར་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཁྱིམ་ཚང་གི་ཕྲུ་གུ་བཙའ་བ་དང་། གཉོར་སྐྱོང་། སློབ་གསོ་བཅས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། 

ཚོགས་འདུས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།