ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིསགཙོ་གནད་གྲོས་གཞི་སྒྲུབ་གཉེར་གྱི་ལྟ་སྐུལ་གྲོས་མོལ་ཚོགས་འདུ་འཚོགས་ཤིང་ཝང་དབྱང་གིས་ཚོགས་འདུར་གཙོ་སྐྱོང་དང་གསུང་བཤད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཟླ8པའི་ཚེས24ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་གི་འཕྲོད་མཐུན་ལ་ཤུགས་སྣོན་པའི”གཙོ་གནད་གྲོས་གཞི་སྒྲུབ་གཉེར་གྱི་ལྟ་སྐུལ་གྲོས་མོལ་ཚོགས་འདུ་དེ་ཀྲུང་གོ་གནམ་གཤིས་ཅུའུ་རུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་གཙོ་སྐྱོང་ང་གསུང་བཤད་གནང་།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས24ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་གི་འཕྲོད་མཐུན་ལ་ཤུགས་སྣོན་པའི”གཙོ་གནད་གྲོས་གཞི་སྒྲུབ་གཉེར་གྱི་ལྟ་སྐུལ་གྲོས་མོལ་ཚོགས་འདུ་དེ་ཀྲུང་གོ་གནམ་གཤིས་ཅུའུ་རུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་།   ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་། མིའི་རིགས་ཀྱི་བྱེད་སྒོས་མཚོ་བོད་མཐོ་སྒང་ལ་ཐེབས་པའི་ཤུགས་རྐྱེན་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་འཕྲོད་མཐུན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། “ཀྲུང་ཧྭའི་ཆུ་ལྕོག”དང“སའི་གོ་ལའི་སྣེ་གསུམ་པ”ལ་སྲུང་སྐྱོང་ཏན་ཏིག་བྱེད་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཆེད་ཡུན་རིང་འདེགས་སྐྱོར་བྱེད་དགོས། གྲོས་གཞི་སྒྲུབ་གཉེར་གྱི་ལྟ་སྐུལ་གྲོས་མོལ་བྱེད་སྟངས་ཡག་པོར་སྤྱད་དེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་ལ་བསྟུན་པའི་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།

ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་ཡ་མིང་དང་ཡུའུ་རུའུ་ཚུང་གིས“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་ལ་འཕྲོད་མཐུན་བྱེད་པར་ཤུགས་སྣོན་པའི་སྐོར”གྱི་གྲོས་གཞི་བཏོན་པར་འབྲེལ་ཡོད་ཕྱོགས་སོ་སོས་དོ་ཁུར་བྱས་ཡོད། ཐེངས་འདིའི་གྲོས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གནམ་གཤིས་ཅུའུ་རྒྱལ་ཁབ་གནམ་གཤིས་ལྟེ་གནས་དང་། ཀྲུང་གོ་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡི་འབྲེལ་ཡོད་བློ་མཐུན་བཅས་ཀྱིས། ཚོགས་འདུའི་ཡུལ་དངོས་དང་བརྙན་ལམ་བརྒྱུད་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། སྐྱེ་ཁམས་ཁོར་ཡུག་པུའུ་དང་ཚན་རྩལ་པུའུ། ཀྲུང་གོ་གནམ་གཤིས་ཅུའུ། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གྲོས་གཞི་སྒྲུབ་ཚུལ་དང་ལས་ཀའི་འཆར་གཞི་སྙན་སེང་ཞུས། ལིའུ་ཏུང་ཧྲེང་དང་ཀི་ཆོན་ཧྲིང་། ཡའོ་ཐན་ཏུང་། ཏིང་དབྱི་ཧུའེ། ཞུས་ཞང་ཏེ། ཀྲང་ཞའོ་ཡེ་བཅས་ཨུ་ཡོན7དང་ཆེད་མཁས་པས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་དང་། གྲོས་གཞི་སྒྲུབ་མཁན་ལས་ཁུངས་ལ་གྲོས་མོལ་དང་འབྲེལ་གཏུག་གང་ལེགས་བྱས་པ་རེད།

ཚང་མས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྔར་མེད་མཐོང་ཆེན་ཐོབ་ནས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་པས། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྤྱི་ཡོངས་ཇེ་ལེགས་སུ་ཕྱིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་སླར་གསོ་བྱུང་ཡོད། དུས་མཚུངས་སུ། མཚོ་བོད་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ཀྱི་མ་ལག་ལྷན་སྐྱེས་ཀྱིས་ཉམས་ཞན་དང་ཚོར་སྐྱེན་ཡིན་པས། གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་ཕྱིན་པ་དང་མིའི་རིགས་ཀྱི་བྱེད་སྒོས་བཞག་པའི་ཤུགས་རྐྱེན་ཆེ་བར་བརྟེན། ས་ཆ་ཁག་ཅིག་གི་གངས་མཚམས་མཐོ་རུ་ཕྱིན་པ་དང་། འཁྱག་རོམ་ཇེ་ཆུང་དུ་ཕྱིན་པ། ས་འཁྱག་ཞུ་བ་སོགས་ཀྱི་གནད་དོན་ལ་མཐོང་ཆེན་བྱེད་དགོས། མཚོ་བོད་མཐོ་སྒང་དུ་རླུང་ཁམས་ཆེན་མོ་དང་། འཁྱག་རོམ། གངས་གསོག ས་འཁྱག མཚེའུ། ནགས་རྩྭ་སོགས་རིམ་པ་མང་བའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ཤིང་འཐུས་ཚང་དགོས་ལ། བརྟག་དཔྱད་ཚད་འཇལ་ས་ཚིགས་ཀྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། མཐོ་སྒང་གི་སྐྱེ་ཁམས་གནམ་གཤིས་གྲངས་གཞིའི་མཛོད་འཛུགས་པ། མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་སེལ་བ་བཅས་བྱེད་དགོས། མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཉེན་ཟོན་སྔོན་བརྡའི་མ་ལག་བཙུགས་ཏེ་ཆུ་རུད་དང་འདམ་རྡོའི་ཆུ་རུད། ཁ་བ་ཆེན་པོ། གངས་ཉིལ་སོགས་ཀྱི་གནོད་འཚེའི་ཉེན་ཁ་སྔོན་འགོག་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མཐོ་སྒང་གི་ལས་གྲྭ་གལ་ཆེན་གྱི་ནམ་ཟླའི་ལག་བསྟར་བྱེད་རུང་ལ་ར་སྤྲོད་བྱས་ཏེ། འཁྱགས་རོམ་འགུལ་བ་དང་། གངས་ཞུ་བ། ས་འཁྱག་ཞུ་བ། རྨང་གཞིའི་སྒྲིག་བཀོད་ལ་ཤུགས་རྐྱེན་བཟོ་བ་བཅས་ལ། ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་ནས། གནམ་གཤིས་བདེ་འཇགས་ཀྱི་ཚན་རྩལ་འདེགས་སྐྱོར་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་མཐོ་སྒང་གི་གནམ་གཤིས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། མཁའ་དབྱིངས་ཀྱི་སྤྲིན་ཆུའི་ཐོན་ཁུངས་དང་རླུང་ནུས། ཉི་ནུས་ཐོན་ཁུངས་སོགས་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་བྱེད་དགོས། གནམ་གཤིས་ཇེ་དྲོ་ཇེ་བརླན་ཅན་དུ་འགྱུར་བའི“སྒེའུ་ཁུང་དུས་ཚིགས”ནན་འཛིན་བྱས་ཏེ། འཕྲོད་མཐུན་ནུས་པ་ཆེ་ཞིང་འགོག་གཤིས་ཆེ་བའི་ས་གནས་ཀྱི་ཤིང་རིགས་དང་རྩྭ་སོན་སྐྱེད་སྲིང་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་རྩྭའི་སྔོ་ཁེབས་སླར་གསོ་དང་སྲུང་སྐྱོང་བྱས་ཏེ་ཐཱན་འདྲེས་ཞིབ་འཇུག་གི་ཞན་ཆ་གསབ་དགོས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་ལ་བསྟུན་པའི་སྡེ་ཁག་གི་མཉམ་འབྲེལ་ལས་ཀའི་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་དགོས་ལ། ཐོན་ཁུངས་ཀྱི་སྟོབས་ཤུགས་ཁ་ཐོར་དང་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། རྒྱལ་ཁབ་ས་ཁོངས་བར་སྟོང་གི་འཆར་འགོད་དང་། ས་གནས་དང་སྡེ་ཁག་གི་འཆར་འགོད་སྦྲེལ་མཐུད་ཡག་པོ་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དྲུང་ཡིག་ཆེན་མོ་ལི་པིན་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།