ཀྲུང་གོ་བོད་ཀྱི་དྲ་བ།

ཆུ་བེད་པུའུ་སོགས་སྡེ་ཁག་དགུ་ཡིས་ཞིང་སྡེའི་ཆུ་འདོན་འགན་སྲུང་ལ་ནུས་ཤུགས་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆུ་བེད་པུའུ་ཡིས་ཉེ་སྔོན་སྡེ་ཁག་བརྒྱད་དང་མཉམ་དུ《ཞིང་སྡེའི་ཆུ་འདོན་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》དཔར་འགྲེམ་བྱས་ཏེ། ས་གནས་སོ་སོས“ལོ་ལྔའི་འཆར་གཞི་བཅུ་པའི”སྐབས་སུ་ཞིང་སྡེའི་འཐུང་ཆུ་བདེ་འཇགས་དེ་ཞིང་སྡེའི་ཆུ་འདོན་འགན་སྲུང་ཐད་བསྒྱུར་དགོས་པའི་བླང་བྱ་བཏོན་པ་དང་། 2025ལོར་བསླེབ་དུས་རྒྱལ་ཡོངས་ཀྱི་ཞིང་སྡེའི་རང་འབབ་ཆུ་ཁྱབ་གདལ་དུ་གཏོང་ཚད88%ལ་སླེབས་རྒྱུ་དང་། 2035ལོར་བསླེབ་དུས། ཞིང་སྡེའི་ཆུ་འདོན་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱ་རྒྱུ་རེད།

བསྡོམས་རྩིས་བྱས་པ་ལྟར་ན། 2020ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་སུ་བསྡོམས་པས་ཞིང་སྡེའི་ཆུ་འདོན་ལས་གཞི་ཁྲི931འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཞིང་སྡེའི་གཅིག་བསྡུས་ཆུ་འདོན་སྤྲོད་བྱེད་ཚད88%ལ་སླེབས་པ་དང་། རང་འབབ་ཆུ་ཁྱབ་གདལ་དུ་གཏོང་ཚད83%ལ་སླེབས་ཡོད།

བསམ་འཆར་ཁྲོད་བརྟན་འཇགས་ཀྱི་ཆུ་ཁུངས་འཛུགས་སྐྲུན་བྱ་རྒྱུ་དེ་རྨང་གཞིར་བཟུང་སྟེ། གཞི་ཁྱོན་ཅན་གྱི་ཆུ་འདོན་ལས་གཞིའི་འཛུགས་སྐྲུན་དང་ལས་གཞི་ཆུང་གྲས་ཚད་ལྡན་ཅན་གྱི་བསྒྱུར་བཀོད་ལས་གཞི་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་དང་། ཞིང་སྡེའི་ཆུ་འདོན་འགན་སྲུང་ནུས་ཤུགས་མུ་མཐུད་དུ་མཐོར་འདེགས་སུ་བཏང་སྟེ། སྔར་ལས་ལྷག་པར་ཞིང་སྡེའི་སྡོད་དམངས་ཀྱི་གསང་སྤྱོད་བཅོས་བསྒྱུར་དང་གཙང་འཁྲུད། ཁོར་ཡུག་གཙང་སྦྲ་སོགས་ཀྱི་ཆུ་སྤྱོད་དགོས་མཁོ་སྐོང་དགོས། ཆུའི་སྤུས་ཚད་འགན་སྲུང་དང་ཆུ་རིན་རྩིས་ལེན་ལ་ཤུགས་བསྣན་ཏེ། འཁོར་སྐྱོད་དོ་དམ་དང་ཞབས་ཞུ་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཞིང་སྡེའི་སྡོད་དམངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་འཕེལ་རྒྱས་ཁྲོད་སྔར་ལས་མང་པོའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཐོབ་ཏུ་འཇུག་དགོས་པར་བཏོན།

བསམ་འཆར་ལས་ཞིང་སྡེའི་ཆུ་འདོན་འགན་སྲུང་དེ་ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དངོས་འབེབས་འཛིན་པའི་བྱ་བའི་ལམ་ལུགས་ལག་བསྟར་བྱེད་དགོས་ཤིང་། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་ནི་ཞིང་སྡེའི་ཆུ་འདོན་འགན་སྲུང་གི་འགན་འཁྲི་གཙོ་གཞི་ཡིན། ཞིང་སྡེའི་ཆུ་འདོན་འགན་སྲུང་དེ་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་དུ་བརྩིས་ནས། གྲོང་ཁྱེར་དང་རྫོང་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ཀྱི་དཔྱད་ཞིབ་ཁྱབ་ཁོངས་སུ་འཇུག་རྒྱུ་དང་། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་མོ་ཁྲོད་ཀྱི་ཞིང་སྡེའི་ཆུ་འདོན་དཔྱད་ཞིབ་བྱ་བ་ལེགས་པོར་སྒྲུབ་དགོས། ཞིང་ཆེན་རིམ་པའི་ཆུ་སྲིད་འཛིན་དོ་དམ་སྡེ་ཁག་གིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཞིང་སྡེའི་ཆུ་འདོན་འགན་སྲུང་འཆར་འགོད་གཏན་འབེབས་དང་དཔར་འགྲེམ་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། ཞིང་སྡེའི་ཆུ་འདོན་འགན་སྲུང་དམིགས་འབེན་ལས་འགན་རིམ་པ་བཞིན་ཞིབ་ཕྲ་རུ་གཏོང་རྒྱུ་དང་། འགན་འཁྲི་ལས་བགོས་དངོས་འབེབས་བྱས་ཏེ། གནོན་ཤུགས་རིམ་པ་བཞིན་བརྒྱུད་ཁྲིད་བྱེད་པར་བརྟེན་ནས། ཞིང་སྡེའི་ཆུ་འདོན་འགན་སྲུང་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས་པ་གཏན་འབེབས་གསལ་བོ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།