ཀྲུང་གོ་བོད་ཀྱི་དྲ་བ།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲོད་ནས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་དང་དངུལ་རྩའི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་ཐག་གཅོད་བྱེད་པའི་བྱ་བ་གཅིག་གྱུར་འཆར་འགོད་སྒོས་ལེགས་པོར་བསྒྲུབ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པར་མགོ་འཛིན་མཛད་དེ་ནན་གྱིས་བསྟན་དོན།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲོད་ནས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་དང་དངུལ་རྩའི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་ཐག་གཅོད་བྱེད་པའི་བྱ་བ་གཅིག་གྱུར་འཆར་འགོད་སྒོས་ལེགས་པོར་བསྒྲུབ་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཟླ8པའི་ཚེས17ཉིན་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པར་མགོ་འཛིན་མཛད་དེ། ཐུན་མོང་འབྱོར་ཕྱུག་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱེད་པ་དང་། དངུལ་རྩའི་ཉེན་ཁ་ཚབས་ཆེན་དོགས་ཟོན་དང་ཐག་གཅོད། དངུལ་རྩའི་བརྟན་བརླིང་འཕེལ་རྒྱས་བྱ་བ་ལེགས་པོར་སྒྲུབ་པའི་གནད་དོན་བཅས་ལ་ཞིབ་འཇུག་བྱས། ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་སྐབས་ནན་གྱིས་བསྟན་དོན། ཐུན་མོང་འབྱོར་ཕྱུག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་རྟགས་གལ་ཆེན་ཡང་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲོད་ནས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་དགོས། དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་སྲོག་ཤིང་ཡིན་ལ། འཕེལ་རྒྱས་དང་བདེ་འཇགས་ལ་འབྲེལ་བ་དམ་པོ་ཡོད་པས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་བརྩི་སྲུང་བྱེད་དགོས་ལ། དངུལ་རྩའི་ཉེན་ཁ་ཚབས་ཆེན་དོགས་ཟོན་དང་ཐག་གཅོད་བྱེད་པའི་བྱ་བ་གཅིག་གྱུར་འཆར་འགོད་སྒོས་ལེགས་པོར་བསྒྲུབ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲེང་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་བཅས་ཀྱི་ཐུན་མོང་འབྱོར་ཕྱུག་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བའི་གནད་དོན་སྐོར་གྱི་ཡར་ཞུར་ཉན་པ་དང་། ཀྲུང་གོ་མི་དམངས་དངུལ་ཁང་དང་ཀྲུང་གོའི་དངུལ་ཁང་ཉེན་སྲུང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་བཅས་ཀྱི་དངུལ་རྩའི་ཉེན་ཁ་ཚབས་ཆེན་དོགས་ཟོན་དང་ཐག་གཅོད་བྱེད་པ་དང་དངུལ་རྩ་བརྟན་བརླིང་འཕེལ་རྒྱས་བྱ་བའི་གནད་དོན་ལེགས་པོར་སྒྲུབ་པའི་སྐོར་གྱི་ཡར་ཞུར་ཉན།

གྲོས་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་རིམ་བཞིན་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་སྟེ། བྱེད་ཐབས་ནུས་ལྡན་སྤྱད་དེ་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་འཐབ་འཛིང་ལ་རྒྱལ་ཁ་བླངས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཏེ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད། ང་ཚོ་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་ཀྱིན་པའི་སྒང་ཡིན་ལ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་མཐུན་པར་བྱས་ནས། མི་དམངས་ཀྱི་ཉིན་བཞིན་འཕེལ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་སྔར་ལས་བཟང་བར་བསྐང་ཐུབ་པ་དང་། མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་དེ་ངེས་པར་དུ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཤུགས་འདོན་ས་རུ་འཇོག་དགོས་ཤིང་། ཏང་གི་ཡུན་རིང་སྲིད་འཛིན་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཐུན་མོང་འབྱོར་ཕྱུག་ནི་མི་དམངས་ཡོངས་ཀྱི་འབྱོར་ཕྱུག་ཡིན་ཞིང། མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཚང་མ་ཕྱུག་པོ་ཡིན་པ་ལས། མི་ཉུང་ཤས་ཕྱུག་པོར་འགྱུར་བ་མིན་ལ། གྲལ་བསྟར་གཅིག་གྱུར་གྱི་ཆ་སྙོམས་རིང་ལུགས་ཡང་མིན་པས། དུས་རིམ་བཀར་ནས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་དགོས། འབད་བརྩོན་བྱས་ནས་གསར་གཏོད་ཕྱུག་འགྱུར་ལ་སྐུལ་མ་གཏོང་དགོས་ཏེ། འཕེལ་རྒྱས་ཀྱི་ཁྲོད་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་སློབ་གསོ་མྱོང་ཚད་མཐོར་འདེགས་གཏོང་བ་དང་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་གཏོང་བར་སྔར་ལས་གཟིགས་སྐྱོང་དྲང་སྙོམས་ཀྱི་ཆ་རྐྱེན་བསྐྲུན་ཏེ། ཡར་རྒྱུག་འཁོར་སྐྱོད་རྒྱུ་ལམ་གེགས་མེད་ཤར་བགྲོད་ཡོང་བ་བྱས་ནས།མི་སྔར་ལས་མང་པོར་ཕྱུག་འགྱུར་གྱི་གོ་སྐབས་བསྐྲུན་པ་དང་། མི་ཚང་མ་ཞུགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ལ་རྐང་བཙུགས་ཏེ། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་བྱེད་པ་དང་། སྤྱི་དབང་ལམ་ལུགས་གཙོ་གཞིར་འཛིན་པ་དང་དབང་བའི་ལམ་ལུགས་སྣ་མང་གཅིག་མཐུན་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱེད་དགོས། མི་ཁག་གཅིག་སྔོན་ལ་ཕྱུག་པོར་འགྱུར་བ་ཁས་ལེན་པ་དང་། སྔོན་དུ་ཕྱུག་པོར་གྱུར་པ་ཡིས་རྗེས་ནས་ཕྱུག་པོར་འགྱུར་བར་སྣེ་ཁྲིད་དང་རོགས་རམ་བྱེད་པ། དཀའ་སྤྱད་འབད་བརྩོན་དང་ཁྲིམས་མཐུན་གཉེར་སྐྱོང་། ལས་སྐྲུན་ཕོད་པའི་ཕྱུག་འགྱུར་སྣེ་ཁྲིད་མཁན་གཙིགས་སུ་བཟུང་ནས་ཡར་སྐུལ་བྱེད་དགོས། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་དགོས་ཏེ། ཚན་རིག་དང་མཐུན་པའི་སྤྱི་པའི་སྲིད་ཇུས་མ་ལག་བཙུགས་ཏེ། མི་ཚང་མས་སྤྱད་ཆོག་པའི་ལུགས་མཐུན་གྱི་བགོ་བཤའི་རྣམ་པ་ཆགས་སུ་འཇུག་དགོས་ལ། དུས་མཉམ་དུ་དགོས་མཁོ་དང་འབྱུང་སྲིད་པ་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་དང་ནོར་ཤུགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་རྨང་གཞིའི་སྟེང་དུ་འཛུགས་དགོས། རྨང་གཞིའི་རང་བཞིན་དང་ཀུན་ཕན་རང་བཞིན། མཐིལ་བརྟོལ་རང་བཞིན་གྱི་དམངས་འཚོའི་འགན་སྲུང་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་དགོས། བབ་བསྟུན་རིམ་འཇུག་རྒྱུན་འཁྱོངས་བྱེད་དགོས་ཏེ། ཐུན་མོང་འབྱོར་ཕྱུག་གི་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ཚོད་རྩིས་གང་ལེགས་ཡོད་པར་བྱས་ནས། ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་ཕན་འབྲས་ཡོད་པའི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་། ཉམས་མྱོང་སྤྱི་བསྡོམས་བྱས་ནས་རིམ་པ་བཞིན་རྒྱ་ཁྱབ་ཏུ་གཏོང་བར་སྐུལ་མ་གཏོང་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དུ་ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱེད་པ་དང་། ཕན་འབྲས་དང་དྲང་སྙོམས་ཀྱི་འབྲེལ་བ་ཡང་དག་གིས་ཐག་གཅོད་བྱེད་པ། ཐོག་མའི་བགོ་བྱ་དང་བགོ་ཐེངས་གཉིས་པ། བགོ་ཐེངས་གསུམ་པའི་མཐུན་སྦྱོར་སྡེབ་སྒྲིག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཆགས་སུ་འཇུག་པ། ཁྲལ་སྡུད་དང་སྤྱི་ཚོགས་འགན་སྲུང་། སྤོ་བསྒྱུར་གཏོང་སྤྲོད་སོགས་ལེགས་སྒྲིག་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བར་མ་ཟད་གནད་ཁེལ་རང་བཞིན་ཇེ་མཐོར་བཏང་སྟེ། ཡོང་སྒོ་འབྲིང་རིམ་མི་ཚོགས་ཀྱི་བསྡུར་ཚད་ཇེ་ཆེར་གཏོང་བ་དང་། ཡོང་སྒོ་དམའ་བའི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ། ཡོང་སྒོ་མཐོན་པོ་འོས་མཐུན་གྱིས་སྙོམས་སྒྲིག་བྱེད་པ། ཁྲིམས་འགལ་ཡོང་སྒོ་མེད་པར་བཟོ་བ་བཅས་ཀྱིས། ཡོང་སྒོ་བར་འབྲིང་གི་མི་ཚོགས་མང་བ་དང་དམའ་མོ་དང་མཐོན་པོའི་མི་ཚོགས་ཉུང་བའི་སྐྱུ་རུ་ཤིང་དབྱིབས་ལྟ་བུའི་བགོ་བྱའི་གྲུབ་ཚུལ་ཆགས་སུ་འཇུག་པ། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་ཡར་སྐུལ་བྱེད་པ་དང་མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དམིགས་འབེན་ཕྱོགས་སུ་ཏན་ཏིག་གིས་བསྐྱོད་དུ་འཇུག་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན། གུ་ཡངས་རང་བཞིན་བཅས་ཇེ་མཐོར་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་ཁྲོམ་དཔལ་འབྱོར་སྒྲིག་སྲོལ་མགྱོགས་པོར་འཐུས་ཚང་དུ་གཏོང་བ་དང་།མངའ་ཁོངས་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་ཇེ་དྲག་ཏུ་གཏོང་བ། ལས་རིགས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བ་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ཡོང་སྒོ་འབྲིང་རིམ་མི་ཚོགས་ཀྱི་གཞི་ཁྱོན་ཤུགས་ཡོད་རྒུས་ཇེ་ཆེར་གཏོང་དགོས། གཙོ་གནད་ནན་འཛིན་བྱེད་པ་དང་གནད་ཁེལ་ཇུས་བསྟར་བྱས་ཏེ་ཡོང་སྒོ་དམའ་བའི་མི་ཚོགས་སྔར་བས་མང་པོ་ཞིག་ཡོང་སྒོ་འབྲིང་བའི་གྲས་སུ་ཚུད་པར་སྐུལ་འདེད་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་ཐོབ་པར་ཡར་སྐུལ་བྱེད་དགོས་ཤིང་། ཀུན་ཕན་རང་བཞིན་གྱི་མི་ཤུགས་ལ་མ་རྩ་འཇོག་ཚད་ཇེ་ཆེར་བཏང་སྟེ། རྒན་གསོ་དང་སྨན་བཅོས་འགན་སྲུང་གི་མ་ལག་དང་མཐིལ་རྟོལ་རོགས་སྐྱོབ་མ་ལག སྡོད་ཁང་མཁོ་སྤྲོད་དང་འགན་སྲུང་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས། ཡོང་སྒོ་མཐོན་པོ་ཚད་ལྡན་དུ་གཏོང་བ་དང་སྙོམས་སྒྲིག་བྱེད་པར་ཤུགས་བསྣན་ནས། ཁྲིམས་ལྟར་ཁྲིམས་མཐུན་ཡོང་སྒོར་སྲུང་སྐྱོབ་བྱེད་པ་དང་མཐོ་དྲགས་པའི་ཡོང་སྒོ་འོས་འཚམ་གྱིས་སྙོམས་སྒྲིག་བྱས་ཏེ། ཡོང་སྒོ་མཐོན་པོའི་མི་ཚོགས་དང་ཁེ་ལས་སྔར་བས་མང་པོ་ཞིག་གིས་སྤྱི་ཚོགས་ལ་དྲིན་འཇལ་བར་སྐུལ་མ་གཏོང་དགོས། འོས་མཐུན་མིན་པའི་ཡོང་སྒོ་གཙང་བཤེར་དང་ཚད་ལྡན་དུ་གཏོང་དགོས། ཡོང་སྒོ་བགོ་བཤའི་སྒྲིག་ལམ་དག་ཐེར་ལེགས་བཅོས་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཁྲིམས་འགལ་ཡོང་སྒོ་མེད་པར་བཟོ་དགོས། ཐོན་དབང་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་དགོས། ཁྲིམས་མཐུན་ཕྱུག་འགྱུར་སྲུང་སྐྱོབ་བྱས་ཏེ་མ་རྩ་སྣ་ཚོགས་ཀྱི་ཚད་ལྡན་སྐྱོན་བྲལ་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས། མི་དམངས་ཀྱི་བསམ་པའི་འཚོ་བའི་ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་འདྲེན་པ་ཇེ་དྲག་ཏུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་རིམ་པ་མང་པོ། ཕྱོགས་མང་པོའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐང་དགོས། ཐུན་མོང་འབྱོར་ཕྱུག་གི་གླེང་ཕྱོགས་སྣེ་འདྲེན་ལ་ཤུགས་སྣོན་དང་ཡར་སྐུལ་བྱས་ནས།ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱེད་པའི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་འདོན་སྤྲོད་བྱེད་དགོས། ཞིང་པ་དང་ཞིང་སྡེའི་ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་རྒྱ་བསྐྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་ཞིང་སྡེའི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཉེན་ཁ་ཆེན་མོ་འགོག་ཟོན་དང་ཞི་འཇགས་སུ་གཏོང་བ་ནི་འགག་སྒྲོལ་དམག་འཐབ་ཆེན་མོ་གསུམ་གྱི་གྲས་སུ་བཞག་ཡོད། ལོ་འགའི་རིང་ལ། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་ཨུ་ཡོན་ལྷན་ཁང་གིས“སྤྱི་ཡོངས་བརྟན་བརླིང་ཡིན་པ། གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་པ། རིགས་བགར་ཇུས་བསྟར། གནད་ཁེལ་དཀའ་སེལ”བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་ལྟར་བྱ་བར་སྐུལ་འདེད་བྱས་ཏེ། དངུལ་རྩའི་ཉེན་ཁ་ཆེན་མོ་འགོག་ཟོན་དང་ཞི་འཇགས་སུ་གཏོང་བའི་འགག་སྒྲོལ་འཐབ་འཁྲུག་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་པས། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བསྲུངས་ནས། རྒྱལ་ཁབ་ཀྱི་དཔལ་འབྱོར་དངུལ་རྩའི་བརྟན་འཇགས་དང་མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། དཔལ་འབྱོར་དང་དངུལ་རྩའི་སྤྱི་ཡོངས་བརྟན་བརླིང་ལ་ཁག་ཐེག་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། ཚད་མཐའི་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ་མ་ལག་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཚོང་ཁྲོམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་བརྩི་སྲུང་བྱས་ཏེ། དངུལ་རྩའི་ཉེན་ཁ་ཆེན་མོ་འགོག་ཟོན་དང་ཞི་འཇགས་སུ་གཏོང་བའི་བྱ་བར་གཅིག་གྱུར་འཆར་འགོད་བྱས་ནས་བསྒྲུབ་དགོས། དངུལ་རྩའི་བརྟན་བརླིང་གི་རྨང་གཞི་བརྟན་པོར་གཏོང་དགོས། བརྟན་བརླིང་གི་ཡོང་འཕར་དང་ཉེན་ཁ་སྔོན་འགོག་གི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། དཔལ་འབྱོར་སླར་གསོའི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་ཞི་འཇགས་སུ་བཏང་ནས། ཁྱབ་ཁོངས་གཞན་པའི་ཉེན་ཁ་ཐག་གཅོད་བྱེད་པའི་ཁྲོད་དུ་ཡང་བསྐྱར་དངུལ་རྩའི་ཉེན་ཁ་འབྱུང་བར་སྔོན་འགོག་བྱེད་དགོས། ས་གནས་ཏང་སྲིད་ལ་ཡོད་པའི་འགན་འཁྲི་དངོས་འབེབས་བྱེད་དགོས། ཕྱོགས་སོ་སོར་འགན་འཁྲི་ནན་འགེལ་བྱས་ཏེ། ནང་རྐྱེན་རྒྱུག་པོར་གཏོང་བ་དང་འགན་འཁྲི་གསལ་པོ་ཡིན་པ། ལས་བགོས་གཞོགས་འདེགས་ཡོད་པ། སྟོབས་ཤུགས་མཉམ་འདོན་ཡིན་པ་ཞིག་ཏུ་བྱེད་དགོས། ཏང་ནན་སྐྱོང་བྱེད་པའི་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས་པ་དང་། དངུལ་རྩའི་མ་ལག་གི་ལས་བྱེད་པའི་དཔུང་སྡེའི་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་ཇེ་མཐོར་བཏང་སྟེ། ལྟ་སྐུལ་དོ་དམ་གྱི་གྲངས་ཀ་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་།དངུལ་རྩའི་རུལ་སུངས་མཁན་ལ་ཉེས་ཆད་གཅོད་པ་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པར་མཉམ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་མགྱོགས་པོར་བྱས་ཏེ་དངུལ་རྩ་ཚོང་ཁྲོམ་གྱི་གླེང་ཕྱོགས་དང་སྣེ་འདྲེན་བྱ་བ་བཟང་པོར་བསྒྲུབ་དགོས། དངུལ་རྩའི་ཁྲིམས་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་ཤིང་། ཡིད་རྟོན་མ་ལག་གཏིང་ཟབ་ཏུ་འཛུགས་སྐྲུན་བྱས་ནས་ཡིད་རྟོན་གྱིས་དངུལ་རྩའི་ཉེན་ཁ་དབྱེ་འབྱེད་དང་ལྟ་ཞིབ་ཚད་ལེན། དོ་དམ། ཐག་གཅོད་བཅས་བྱེད་པའི་ལྷུ་ཚིགས་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།