ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པར་མགོ་འཛིན་མཛད།

 ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པར་མགོ་འཛིན་མཛད་ཅིང་ནན་གྱིས་བསྟན་དོན།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མཉམ་དུ་ཕྱུག་འགྱུར་ལ་སྐུལ་འདེད་དང་དངུལ་རྩའི་ཉེན་ཁ་ཆེན་པོའི་རིགས་ཀྱི་འགོག་སེལ་ལས་དོན་ཡག་པོར་སྒྲུབ་དགོས། 

ཟླ8པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པར་མགོ་འཛིན་མཛད་ནས། མཉམ་དུ་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་གནད་དོན་དང་དངུལ་རྩའི་ཉེན་ཁ་ཆེན་པོའི་རིགས་ཀྱི་འགོག་སེལ། དངུལ་རྩ་བརྟན་བརླིང་ངང་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོར་སྒྲུབ་པའི་གནད་དོན་ཕྱོགས་ནས་ཞིབ་འཇུག་བྱས། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་བསྟན་དོན། མཉམ་དུ་ཕྱུག་འགྱུར་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་ལྟེ་བ་ཡིན་ཞིང་། འཕེལ་རྒྱས་དང་བདེ་འཇགས་དང་དམ་པོར་འབྲེལ་ཡོད་པས།་ཚོང་ཁྲོམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་གཞིར་འཛིན་དང་བརྩི་སྲུང་བྱས་ཏེ། དངུལ་རྩའི་ཉེན་ཁ་ཆེན་པོའི་རིགས་ཀྱི་འགོག་སེལ་ལས་དོན་ལ་སྤྱི་འདོམས་སྒོས་ཡག་པོར་སྒྲུབ་དགོས།

མཉམ་དུ་ཕྱུག་འགྱུར་ནི་མི་དམངས་ཡོངས་རྫོགས་ཕྱུག་པོར་འགྱུར་བ་དང་། མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་ཕྱུག་པོར་འགྱུར་བ་ཡིན་པ་ལས། མི་ཉུང་ཤས་ཕྱུག་པོར་འགྱུར་བ་མིན་ལ། འདྲ་མཉམ་གཅིག་འགྲོས་ཀྱི་ཆ་སྙོམས་རིང་ལུགས་ཀྱང་མིན་པས། དུས་རིམ་ཕྱེས་ནས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས།

འབད་བརྩོན་གསར་གཏོད་ཀྱི་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། 

འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པར་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱི་སློབ་གསོ་ཐོབ་ཚད་མཐོར་འདེགས་དང་འཕེལ་རྒྱས་ནུས་པ་ཤུགས་ཆེར་གཏོང་བ། སྔར་བས་ཀུན་ཕན་འདྲ་མཉམ་གྱི་ཆ་རྐྱེན་གསར་གཏོད་བྱེད་པ་དང་། ཡར་ཐོན་མདུན་སྐྱོད་ཀྱི་བགྲོད་ལམ་ཤར་གཏོང་བྱས་ནས། སྔར་ལས་མང་པོར་ཕྱུག་འགྱུར་གོ་སྐབས་བསྐྲུན་ཏེ། མི་ཚང་མ་ཞུགས་པའི་འཕེལ་རྒྱས་ཁོར་ཡུག་ཆགས་སུ་འཇོག་དགོས།  

གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་པ།

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ལ་གཞི་བཙུགས་ཏེ། “གཡོ་འགུལ་མེད་པ་གཉིས་”མཐའ་འཁྱོངས་དང་། སྤྱི་དབང་ལམ་ལུགས་གྲུབ་ཆ་གཙོ་བོ་ཡིན་པའི་བདག་དབང་ལམ་ལུགས་སྣ་མང་མཉམ་དུ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ། མི་སྐོར་ཞིང་སྔོན་ལ་ཕྱུག་པོར་འགྱུར་བ་དང་། སྔོན་ལ་ཕྱུག་པོར་གྱུར་མཁན་གྱིས་རྗེས་མར་སྣེ་ཁྲིད་དང་རོགས་རམ་བྱས་ཏེ་ཕྱུག་པོར་འགྱུར་དགོས། དཀའ་སྤྱད་ངལ་རྩོལ་དང་ཁྲིམས་མཐུན་གཉེར་སྐྱོང་། ལས་གཉེར་གསར་གཏོད་བྱེད་ཕོད་པའི་ཕྱུག་འགྱུར་སྣེ་ཁྲིད་པ་གཙོ་བོར་བཟུང་ནས་སྐུལ་སློང་བྱེད་དགོས།

གང་ཐུབ་ཅི་ཐུབ་དང་ཅི་ནུས་གང་སྒྲུབ་བྱེད་པ། 

ཚན་རིག་དང་མཐུན་པའི་སྤྱི་པའི་སྲིད་ཇུས་མ་ལག་བཙུགས་ནས། མི་ཚང་མས་ལོངས་སྤྱོད་བྱེད་ཐུབ་པའི་ལུགས་མཐུན་བགོ་བཤའ་རྒྱག་སྟངས་ཆགས་པ་དང་། དུས་མཚུངས་སུ་དགོས་མཁོ་དང་དགོས་ངེས་ལ་སྤྱི་འདོམས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་ནོར་ཤུགས་རྒྱུན་མཐུད་ཐུབ་པའི་རྨང་གཞིའི་སྟེང་། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་དགོས་ཤིང་། རྨང་གཞིའི་རང་བཞིན་དང་ཀུན་ཕན་རང་བཞིན། མཐའ་སྐྱོང་རང་བཞིན་གྱི་དམངས་འཚོ་འགན་ལེན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

གོམ་པ་རིམ་བགྲོད་ཀྱི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། 

མཉམ་དུ་ཕྱུག་འགྱུར་གྱི་ཡུན་རིང་གི་རང་བཞིན་དང་དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ཚོད་དཔག་གང་ལེགས་བྱས་ཏེ། ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་ཐབས་ལམ་ནུས་ལྡན་འཚོལ་ཞིབ་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་རིམ་བཞིན་ཁྱབ་སྤེལ་གཏོང་བར་སྐུལ་འདེད་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲེང་བཅས་ཚོགས་འདུར་ཞུགས། 

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཏུ་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།