ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་རག་གི་ཙུང་ཐུང་པར་ཧ་མུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རག་གི་ཙུང་ཐུང་པར་ཧ་མུའུ་ལ་ཁ་པར་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། དབྱི་རག་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པ་སྔ་བའི་ཨ་རབ་རྒྱལ་ཁབ་ཀྱི་གྲས་ཡིན་ལ། ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཀྱང་ཡིན། དབྱི་རག་མི་དམངས་ཀྱི་གྲོགས་པོ་རྣམ་དག་ཡིན་པའི་ཆ་ནས། ཀྲུང་གོས་དབྱི་རག་གི་དཔལ་འབྱོར་བསྐྱར་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། ཁྱབ་ཁོངས་སོ་སོའི་མཛའ་མཐུན་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བརྟན་བརླིང་བཏང་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོ་དང་དབྱི་རག་གིས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད། ཀྲུང་གོས་ཀྲུང་དབྱིའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། དབྱི་རག་གིས་རིམས་ནད་སྔོན་འགོག་ཐད་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ནུས་རྒྱུ་དང་གློག་ཤུགས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། དབྱི་རག་གི་དཔལ་འབྱོར་བསྐྱར་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ་ཀྲུང་དབྱིའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་དབྱི་རག་གི་རྒྱལ་ཁབ་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་དང་། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་། དབྱི་རག་མི་དམངས་ཀྱིས་རང་བདག་གིས་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་གདམས་པར་རྒྱབ་སྐྱོར་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་དབྱི་རག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན། དབྱི་རག་གི་ཕྱོགས་ཁག་སོ་སོས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། རྒྱལ་ནང་གི་ཆབ་སྲིད་འཕེལ་རིམ་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་བ། ཡུན་རིང་བདེ་འགོད་དང་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པའི་རེ་བ་ཡོད། ཀྲུང་གོས་དབྱི་རག་གཏོགས་པའི་མཛའ་གྲོགས་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་གིས་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད།  

པར་ཧ་མུའུ་ཡིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དེ་ཀྲུང་གོ་དང་འཛམ་གླིང་གི་ལ་མཚོན་ན་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་རེད། ཀྲུང་གོས་མགོ་འཛུགས་ས་གསར་པ་དེ་ནས་འབྱུང་འགྱུར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་གྲུབ་འབྲས་གསར་ཞིང་ཆེ་བ་ཐོབ་པའི་སྨོན་འདུན་ཞུ། དབྱི་ཀྲུང་རྒྱལ་ཁབ་གཉིས་པོ་ནི་ཡུན་རིང་ལོ་རྒྱུས་ལྡན་པའི་རླབས་ཆེན་གྱི་དཔལ་ཡོན་ཡིན། དབྱི་རག་གིས་ཀྲུང་གོས་རྒྱལ་ཁབ་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱ་ཆེད་སྤྱད་པའི་བྱེད་ཐབས་ལ་གོ་བ་ཡང་དག་ལེན་བཞིན་ཡོད་ལ། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་གྱིན་ཡོད། དབྱི་རག་ཕྱོགས་ཀྱིས་ཀྲུང་གོས་དབྱི་རག་གི་དཔལ་འབྱོར་བསྐྱར་སྐྲུན་དང་པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་ཐད་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ། དབྱི་རག་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་དང་མཉམ་དུ་རིམས་འགོག་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་ཚོང་དོན་མ་འཇོག་མཉམ་ལས་རྒྱ་ཆེར་བཏང་ནས་རིག་གནས་དང་ཡུལ་སྐོར། ན་གཞོན། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཉམ་ལས་རྒྱ་ཆེར་གཏོང་བའི་རེ་བ་ཡོད། དབྱི་རག་གིས་ཀྲུང་གོ་དང་འཐབ་ཇུས་འབྲེལ་གཏུག་དམ་ཟབ་བྱས་ཏེ་ཐུན་མོང་ཐོག་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་དྲག་པོ་འབྱུང་བར་ཁ་གཏད་གཅོག་པ་དང་། མཉམ་ལས་སྒོས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བཏང་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།