ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་ལང་གི་ཙུང་ཐུང་ལའེ་ཞི་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ལང་གི་ཙུང་ཐུང་ལའེ་ཞི་ལ་ཁ་པར་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་དབྱི་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་འཁོར50སོང་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་གི་ཚོད་བགམ་ཐེགས་ཤིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་ཕྱིན་ཡོད། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་རང་བཞིན་གྱི་པྲོག་གསར་གློ་ཚད་རིམས་ནད་མཉམ་འདྲེས་ཀྱི་རྙོག་འཛིང་ཆེ་བའི་གནས་བབས་ཁྲོད། ཀྲུང་དབྱི་རྒྱལ་ཁབ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་རོགས་རེས་རོགས་འདེགས་བྱས་ནས་པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པ་དང་ཆབས་ཅིག་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཅིང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཏེ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་ཕྱིན་ཞིང་མཐའ་གཅིག་ཏུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱས་ཡོད། ཀྲུང་གོས་དབྱི་ལང་གིས་ཧུར་ཐག་སྒོས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་བཏང་བར་བསྔགས་བརྗོད་བྱེད་བཞིན་ཡོད་ལ། དབྱི་ལང་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་དབྱིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡུན་རིང་སྲ་བརྟན་དུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་ཡང་། ཀྲུང་གོས་གཡོ་འགུལ་མེད་པར་དབྱི་ལང་གི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་བཏང་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་ཞིང་དོ་ཁུར་ཆེ་བའི་གནད་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་འོས། ཀྲུང་གོས་དབྱི་ལང་གི་རྒྱལ་ཁབ་བདག་དབང་དང་མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོབ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས། དབྱི་ལང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རིམས་ནད་སྔོན་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་དང་དབྱི་ལང་གི་ཁྱོན་ཡོངས་ཀྱི་མཉམ་ལས་འཆར་གཞི་དེས་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྔར་ལས་རྒྱ་ཆེ་བའི་མདུན་ལྗོངས་བཏོད་ཡོད། ཕྱོགས་གཉིས་པོས་རྟིང་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཧུར་ཐག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་མང་བ་གཏོད་དགོས། ཀྲུང་གོས་དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་གནད་དོན་ཐད་ཀྱི་ལུགས་མཐུན་རེ་ཞུར་རྒྱབ་སྐྱོར་བྱས་ནས། དབྱི་ལང་དང་མཉམ་དུ་ས་ཁུལ་གྱི་ལས་དོན་ལ་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་པ། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། 

ལའེ་ཞི་ཡིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང་། དབྱི་ལང་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། བློ་བརྟན་འགྱུར་མེད་ངང་དབྱི་ཀྲུང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྟོབས་ལྡན་ཞིག་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དབྱི་ལང་སྲིད་གཞུང་གི་ཕྱི་ཕྱོགས་སྲིད་ཇུས་ཀྱི་སྔོན་འགྲོ་དང་གཙོ་གནད་སུ་བཟུང་ཡོད། དབྱི་ལང་གིས་ཀྲུང་གོས་དབྱི་ལང་གི་པྲོག་གསར་གློ་ནད་སྔོན་འགོག་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ཀྲུང་གོས་དབྱི་ལང་ཉིང་རྡུལ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དྲང་གཞག་གི་ལངས་ཕྱོགས་བཟུང་བར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོ་དང་འཐབ་ཇུས་འབྲེལ་གཏུག་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་གཉིས་ཀྱི་མཉམ་ལས་དང་ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས། ཕྱི་རོལ་གྱི་ཐེ་གཏོགས་བཅས་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་འདོད་ཡོད། དབྱི་ལང་གིས་ཐའེ་ཝན་དང་ཞིན་ཅང་། ཞང་ཀང་སོགས་དང་འབྲེལ་བའི་ཀྲུང་གོའི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། རྒྱལ་ཁབ་རེ་ཟུང་གིས་ནད་དུག་འབྱུང་རྩའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོར་བཀག་འགོག་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ལ། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་འཐབ་ཇུས་ཀྱི་མིག་རྒྱང་རིང་བས་དབྱི་ལང་དེའི་ནང་དུ་ཧུར་ཐག་གིས་ཞུགས་འདོད་ཡོད།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།