ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེ་བའི་འདེམས་བསྐོ་བྱ་བ་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར། ད་ལོའི་ལོ་སྟོད་ནས་བཟུང་། རྒྱལ་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེ་བའི་འདེམས་བསྐོ་བྱ་བ་སྔ་གཞུག་ཏུ་སྤེལ་མགོ་བརྩམས། གསར་འགོད་པས་ཚེས17ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་སྐབས་བརྗེ་བའི་འདེམས་བསྐོ་བྱ་བ་ཁྲིམས་ལྟར་གོ་རིམ་ལྡན་པར་བདེ་བླག་ངང་ངང་སྤེལ་བཞིན་ཡོད།

མིག་སྔའི་བར་དུ། ཧྲན་ཞི་དང་ཧོ་པེ། བོད་ལྗོངས་སོགས་ས་ཁུལ་གྱིས་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེ་བའི་འདེམས་བསྐོ་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་མ་ཟད། སྐབས་གསར་བའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་བསྡུས། གཞན་ཞིང་ཆེན28ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་སྐབས་བརྗེ་བའི་དུས་ཚོད་གཏན་ཁེལ་བྱས། པེ་ཅིང་སོགས་ཞིང་ཆེན(ལྗོངས། གྲོང་ཁྱེར)17གྱིས་ད་ལོའི་ནང་ལེགས་འགྲུབ་བྱ་རྒྱུ་དང་། ནང་སོག་སོགས་ཞིང་ཆེན11(ལྗོངས། གྲོང་ཁྱེར)གིས་སང་ལོའི་ལོ་སྟོད་དུ་ལེགས་འགྲུབ་འབྱུང་རྒྱུ་རེད།

རྫོང་དང་ཤང་རིམ་པའི་དམངས་ཆེན་སྐབས་བརྗེ་བའི་འདེམས་བསྐོ་དེ་ཐད་ཀར་མི་དམངས་མང་ཚོགས་དུང་ཕྱུར་ཁ་ཤས་ལ་ཁ་གཏད་དེ་གོ་རིམ་ཡོངས་རྫོགས་ཀྱི་མི་དམངས་དམངས་གཙོ་ཆེས་གསོན་ཉམས་ལྡན་ཞིང་ཆེས་ཐད་ཀར་དུ་མཚོན་ཐུབ། རྒྱུས་ལོན་པ་ལྟར་ན། ས་གནས་སོ་སོས་ཏང་ཀྲུང་དབྱང་གི་བླང་བྱ་དང་འདེམས་བསྐོ་བཅའ་ཁྲིམས་ཀྱི་གཏན་འབེབས་ལག་ལེན་དོན་འཁྱོལ་ནན་ཏན་བྱས་ཏེ། ཁྲིམས་ལྟར་འདེམས་དམངས་ཀྱི་འདེམས་དབང་དང་གདམ་བྱའི་དབང་ཆ་འགན་སྲུང་བྱེད་དགོས།

སྐབས་བརྗེ་བའི་འདེམས་བསྐོ་བྱ་བའི་ཁྲོད། ས་གནས་སོ་སོས་གསར་དུ་བཟོ་བཅོས་བྱས་པའི་འདེམས་བསྐོ་བཅའ་ཁྲིམས་ལྟར། རྫོང་དང་ཤང་རིམ་པའི་དམངས་ཆེན་འཐུས་མིའི་མི་གྲངས་ཡང་བསྐྱར་གཏན་ཁེལ་བྱེད་དགོས་ཤིང་། གསར་སྣོན་བྱས་པའི་འཐུས་མིའི་མི་གྲངས་དེ་གཞི་རིམ་མང་ཚོགས་དང་སྡེ་ཁུལ་གྱི་ལས་བྱེད་པར་ཁ་ཕྱོགས་དགོས། རང་ས་གནས་ཀྱི་དོན་དངོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ལྟར། ཚན་རིག་དང་མཐུན་པར་འོས་འཚམ་སྒོས་རྫོང་དང་ཤང་གི་དམངས་ཆེན་འཐུས་མིའི་སྒྲིག་གཞི་ཡི་བསྡུར་ཚད་གཏན་ཁེལ་བྱས་ནས། འཐུས་མིའི་ཡོངས་ཁྱབ་རང་བཞིན་དང་མཚོན་བྱེད་རང་བཞིན་ལ་འགན་ལེན་བྱེད་དགོས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སྐབས་བརྗེ་བའི་འདེམས་བསྐོ་བྱ་བ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་རྒྱབ་ལྗོངས་འོག་སྤེལ་བ་ཡིན་པས། ས་གནས་སྐོར་ཞིག་གི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་ཧ་ཅང་ཛ་དྲག་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐབས་བརྗེ་བའི་འདེམས་བསྐོ་བྱ་བ་སྤྱི་འདོམས་ངང་ལེགས་པོར་སྒྲུབ་པ་དང་ཆབས་ཅིག རིམས་ནད་སྔོན་འགོག་ཚོད་འཛིན་བླང་བྱ་དེ་འདེམས་བསྐོ་བྱ་བའི་གོ་རིམ་ཡོངས་རྫོགས་དང་ལྷུ་ཚིགས་ཡོངས་རྫོགས་སུ་དངོས་འབེབས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་དང་འདེམས་བསྐོ་བདེ་བླག་ཡིན་པར་ཁག་ཐེག་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།