ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་ཞིང་ལས་ཀྱི་གནོད་འགོག་གནོད་འཕྲི་དང་སྟོན་འབྲུ་ཐོན་སྐྱེད་ལས་དོན་ཏན་ཏིག་སྤེལ་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། རྒྱལ་ཡོངས་ཀྱི་ཞིང་ལས་གནོད་འགོག་གནོད་འཕྲི་དང་སྟོན་འབྲུ་ཐོན་སྐྱེད་ཀྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཤིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། ཞིང་ལས་ཀྱི་གནོད་འགོག་གནོད་འཕྲི་དང་སྟོན་འབྲུ་ཐོན་སྐྱེད་ལས་དོན་ནན་འཛིན་ཏན་ཏིག་བྱས་ཏེ་ལོ་ཧྲིལ་བོའི་འབྲུ་རིགས་དང་ཞིང་ལས་ཀྱི་ལོ་ལེགས་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས། 

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། ཞིང་ལས་དང་ཞིང་གྲོང་གི་ལས་དོན་ཁག་ལ་བདེ་བླག་ངང་སྐུལ་འདེད་གཏོང་བར། ངེས་པར་དུ་ལྷོད་གཡེང་མེད་པར་གྲོང་གསེབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ནན་འཛིན་བྱས་ཏེ་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བ་བརྟན་ལྷིང་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས། སྟོན་འབྲུ་ཐོན་སྐྱེད་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ངོས་འཛིན་གསལ་པོ་བྱས་ནས་ཆུ་ལུད་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ཁྱོན་ཡོངས་ནས་གནོད་འགོག་དང་ལོ་ལེགས་ཀྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ་སྟོན་འབྲུར་ལོ་ལེགས་བྱུང་བར་ཁག་ཐེག་བྱེད་དགོས། གསོན་ཕག་ཐོན་སྐྱེད་བརྟན་བརླིང་ཡོང་བ་བྱས་ཏེ་དུས་ཐོག་ཏུ་ལས་ཀའི་གཙོ་གནད་དེ“ཕག་གི་འཁོར་ཡུན”གསར་པའི་སྔོན་འགོག་དང་ཁ་གཏད་གཅོག་པར་བསྒྱུར་དགོས་ལ། ད་ལྟ་ལག་ལེན་བསྟར་བཞིན་པའི་གསོན་ཕག་ཐོན་སྐྱེད་ཀྱི་རྒྱབ་སྐྱོར་སྲིད་ཇུས་སྲ་བརྟན་དུ་གཏོང་བ་དང་། ཁྲོམ་ར་ཅན་གྱི་སྙོམ་སྒྲིག་ཚོད་འཛིན་ལམ་སྲོལ་རིམ་བཞིན་འཐུས་ཚང་དུ་གཏོང་དགོས། ཧྥེ་གླིང་ཕག་ནད་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཐོན་ནུས་སླར་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ད་ལོའི་གནམ་གཤིས་རྒྱུན་ལྡན་མིན་པར་དམིགས་ནས་ཞོད་འགོག་ཐན་འགོག་དང་གནོད་སྐྱོབ་དེ་ཐོག་མཐའ་བར་གསུམ་དུ་དམ་པོར་འཛིན་པ་དང་། གནམ་གཤིས་སྔོན་བརྡ་དང་ཉེན་བརྡ། ཆ་འཕྲིན་བརྒྱུད་བསྒྲགས་བཅས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱབ་ནས། ཞོད་འགོག་ཐན་འགོག་ལ་རྒྱུན་སྲིང་ལྷོད་མེད་ངང་ནན་འཛིན་ཡག་པོ་བྱེད་དགོས་ལ། གནོད་རྗེས་ཀྱི་ཐོན་སྐྱེད་སླར་གསོ་ལ་ནན་འཛིན་ཡག་པོ་བྱས་ནས་གནོད་འཚེའི་ཤུགས་རྐྱེན་ངན་པ་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། 

 ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། གནོད་འཚེ་དང་རིམས་ནད་བྱུང་བས་རྐྱེན་གྱིས་སླར་ཡང་དབུལ་བོར་གྱུར་བའི་ཉེན་ཁར་ཚད་མཐོའི་དོགས་ཟོན་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ལས་དོན་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་དང་། དབུལ་བོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ་མཐའ་གཅིག་ཏུ་གཞི་ཁྱོན་རང་བཞིན་གྱི་དབུལ་བོ་བསྐྱར་ལོག་གི་ཚད་མཐའ་སྲུང་དགོས། 

ཞིང་ལས་ཞིང་སྡེ་པུའུ་དང་ཆུ་བེད་པུའུ། གནམ་གཤིས་བརྟག་དཔྱད་ཅུའུ། གྲོང་གསེབ་དར་སྤེལ་ཅུའུ། མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།