ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་ཐེངས་ཉེར་བདུན་པ་པེ་ཅིང་དུ་འཚོགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། རྒྱལ་ཡོངས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་ཐེངས་ཉེར་བདུན་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།《ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་གཞི་རིམ་རྩ་འཛུགས་ཀྱི་བྱ་བའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ནས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཀུན་རིག་རྩལ་མཛེས་ངལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་དགོས།  

ཚེས17ཉིན། རྒྱལ་ཡོངས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་ཐེངས་ཉེར་བདུན་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ནས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་རྒྱས་བཤད་གཏིང་ཟབ་བྱས་ཤིང་། མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ངེས་པར་དུ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས“འདུ་ཤེས་བཞི”གཏིང་ཟབ་དང“གདེང་ཚོད་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་བཏང་ཞིང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་མཐོ་སློབ་ཀྱི་སློབ་ཁྲིད་དང་ཚན་ཞིབ། དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་དོན་འཁྱོལ་ཏན་ཏིག་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པར་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་ཁྱོན་ཡོངས་ནས་ཚོད་འཛིན་ཡང་དག་བྱེད་དགོས། མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་ཚང་དུ་གཏོང་བ་དང་། མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆབ་སྲིད་འགན་འཁྲི་ཇེ་ནན་དུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་དང་མཐོ་སློབ་ཀྱི་བྱ་གཞག་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་རྩ་བ་བརྟན་སྲུང་དང་གསར་གཏོད་ལ་སྐུལ་འདེད་བཏང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཐོ་སློབ་ཀྱི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མཐོ་སློབ་དགེ་རྒན་གྱི་བསམ་བློ་ཆབ་སྲིད་ལས་དོན་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དེ་འབུར་ཐོན་གནས་བབ་ཐོག་བཞག་ནས་མཐོ་སློབ་ཀྱི་རིམས་འགོག་ཆ་རྐྱེན་དང་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཏེ་དགེ་སློབ་ཚོའི་བདེ་ཐང་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཚོགས་འདུར་མགོ་འཛིན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲེན་ཞི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་བཅས་ཚོགས་འདུར་ཞུགས། 

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པར་འཚོགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོོ་སོ་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན། མཐོ་སློབ་འགའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།