ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་སྲིད་ཇུས་དོན་འཁྱོལ་ནན་འཛིན་བྱས་ཤིང་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་གསར་པར་དམིགས་ཏེ་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཞིང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འཆར་འགོད་ལ་གྲོས་འཆམ་བྱུང་སྟེ་ཁྱོན་ཡོངས་ནས་ལས་ཞུགས་སྔོན་འགྲོའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ཏེ་ལས་ཞུགས་རྒྱ་སྐྱེད་དང་སྤུས་ལེགས་སུ་གཏོང་བར་སྐུལ་འདེད་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་སྲིད་ཇུས་དོན་འཁྱོལ་ནན་འཛིན་བྱས་ཤིང་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་གསར་པར་དམིགས་ཏེ་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཞིང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འཆར་འགོད་ལ་གྲོས་འཆམ་བྱུང་སྟེ་ཁྱོན་ཡོངས་ནས་ལས་ཞུགས་སྔོན་འགྲོའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་རྒྱ་སྐྱེད་དང་སྤུས་ལེགས་སུ་གཏོང་བར་སྐུལ་འདེད་བཏང་།

 ཚོགས་འདུས་བསྟན་དོན། ཟླ7པའི་ཟླ་དཀྱིལ་ནས་བཟུང་། རང་རྒྱལ་གྱི་ས་ཁུལ་མང་པོར་མཐར་དྲགས་པའི་གནམ་གཤིས་ཐོན་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཐེབས་པ་དང་། ཞིང་ཆེན་མང་པོ་དང་ས་ཚིགས་མང་པོར་པྲོག་གསར་གློ་ཚད་བྱུང་ལ། ཚོང་ཟོག་ཆེ་གྲས་ཀྱི་རིན་གོང་མཐོ་གནས་སུ་འཕར་ཆག་ཐོན། རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་རྙོག་འཛིང་ཆེན་པོ་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འགྲན་སློང་གསར་པར་ཁ་གཏད་ནུས་ལྡན་གཅོག་པ་དང་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་བར་ཆོད་དུ་རྒྱུན་འཁྱོངས་བྱེད་དགོས། 

གཅིག རིམས་ནད་དང་ཞོད་འགོག་གནོད་སྐྱོབ། སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། ས་གནས་སོ་སོས་འགན་འཁྲི་དང་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། ལྷོད་གཡེང་མེད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ནན་འཛིན་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལྷག་པར་དུ་འགག་རྩའི་ལྷུ་ཚིགས་ཀྱི་འགག་སྒོ་བརྟན་སྲུང་བྱེད་དགོས། ཆུ་ལོག་དང་ཞོད་སྐྱོན་སོགས་ཀྱི་གནོད་འཚེའི་སྔོན་བརྡ་གཏོང་བ་དང་གནོད་སྐྱོབ་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་ཐེབས་ས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། སྟོན་འབྲུ་གསབ་འདེབས་བཅོས་འདེབས་དང་། ཆུས་བརླག་པའི་ཞིང་ས་དང་སྒྲིག་བཀོད་ལ་ཉམས་གསོ། གྲོང་ཁྱེར་གྱི་ཆུ་འགོག་དང་འཁྱིལ་ཆུ་བཤང་བའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་སོགས་ནན་འཛིན་ཡག་པོ་བྱེད་དགོས། 

གཉིས། ལས་ཞུགས་འགན་སྲུང་ཀྱི་ལས་དོན་འབུར་ཐོན་སྒོས་ཡག་པོར་སྒྲུབ་དགོས། ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ཞོར་ལས་པ་སོགས་གཙོ་གནད་ཚོགས་སྤྱི་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ལས་ཞུགས་བརྟན་བརླིང་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་དང་འཚོ་བར་འགན་ལེན་བྱེད་དགོས། གསུམ། ཁྲོམ་རའི་གཙོ་གཞིའི་དཀའ་གནད་སེལ་བར་ཤུགས་སྣོན་རྒྱག་དགོས། གཏན་ཁེལ་ཟིན་པའི་ཁྲལ་རིན་གཉིས་གཅོག་གི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ནས་གྲོན་དངུལ་གང་བྱུང་དུ་བསྡུ་བ་གཏན་འགོག་བྱེད་དགོས། དངུལ་རྩའི་སྒྲིག་གཞིས་མ་དངུལ་སྤྱོད་ཚད་གཅོག་པ་སོགས་ལེགས་པོར་སྤྱོད་པར་ཁྲིད་སྟོན་བྱས་ཏེ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ལ་དངུལ་རྩའི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི། ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་བརླིང་ཡོང་བའི་ལས་དོན་ཡག་པོ་སྒྲུབ་དགོས། མ་བཅོས་རྒྱུ་ཆ་གཙོ་བོའི་རིན་གོང་འཕར་བར་ཁ་གཏད་འཇལ་བའི་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། རྒྱལ་ནང་གི་ཐོན་སྐྱེད་ལུགས་མཐུན་སྒོས་ཇེ་མང་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གྲབས་གསོག་དང་མཁོ་སྤྲོད་རྩ་འཛུགས་བྱེད་པ། གཙོ་གནད་ཚོང་ཟོག་ཁྲོམ་རའི་མཉམ་འགུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། འཚོ་བའི་དངོས་ཟོག་འགན་སྲུང་གི་ནང་རྐྱེན་རྒྱུན་མཐུད་ངང་ལག་བསྟར་བྱས་ནས་ཚོང་རའི་མཁོ་སྤྲོད་འདང་ངེས་ཡོད་པར་ཁག་ཐེག་བྱེད་དགོས། ལྔ། གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་གཞི་རྩའི་འཚོ་བའི་འགན་ལེན་ཡག་པོར་སྒྲུབས་ཏེ། བྱང་ཕྱོགས་ས་ཁུལ་གྱིས་སྔ་ཙམ་ནས་གནོད་ཐེབས་མང་ཚོགས་བདེ་འཇགས་དང་དྲོད་ཁོལ་ལྡན་པའི་ངང་དགུན་སྒྲོལ་པར་འགན་ལེན་བྱེད་པའི་ལས་དོན་ཡག་པོར་སྒྲུབ་དགོས། 

ཚོགས་འདུས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དཔལ་འབྱོར་འཕེལ་ཕྱོགས་ཀྱི་འགྱུར་ལྡོག་ལ་རྗེས་སྙེགས་དམ་ཟབ་བྱས་ནས་སྲིད་ཇུས་ཀྱི་སྡེབ་སྒྲིག་ཇེ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན། འཛད་སྤྱོད་བརྟན་བརླིང་ངང་སླར་གསོ་དང་འཕར་འཕེལ་ཡོང་བར་སྐུལ་འདེད་བཏང་ནས། ས་གནས་སྲིད་གཞུང་གི་ཆེད་དོན་བུ་ལོན་གྱིས་ནུས་ལྡན་མ་འཇོག་རྒྱ་སྐྱེད་པར་སྐུལ་ཁྲིད་ཡག་པོ་བྱེད་པ་དང་། སྒོ་དབྱེའི་བྱ་ཐབས་ནུས་ལྡན་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱི་དངུལ་བརྟན་ལྷིང་དུ་གཏོང་དགོས། སྲིད་ཇུས་མཐུན་སྦྱོར་དང་གསལ་འགྲེལ་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་གཙོ་གཞིའི་ཡིད་རྟོན་ཆེ་རུ་གཏོང་བ་དང་དཔལ་འབྱོར་བརྟན་བརླིང་ངང་འཁོར་རྒྱུག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། 

ཚོགས་འདུས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། རང་རྒྱལ་གྱི་མཁར་གྲོང་གི་ལས་ཞུགས་གནོན་ཤུགས་སྔར་ལྟར་ཅུང་ཆེན་པོ་ཡོད། ལས་ཞུགས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཁོག་སྲིད་ཇུས་ཀྱི་གཙོར་འཛིན་གནས་བབ་ཐོག་བཞག་ནས། སྲིད་གཞུང་གི་འགན་འཁྲི་ཆེ་རུ་གཏོང་བ་དང་ཁྲོམ་རའི་གཙོ་ཁྲིད་མཐའ་འཁྱོངས་བྱས་ནས། སྔར་ལས་འདང་ངེས་དང་སྔར་ལས་སྤུས་ཚད་ལེགས་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། གཅིག ནོར་སྲིད་དང་དངུལ་ལོ་སོགས་སྲིད་ཇུས་ཀྱིས་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་བསྡུ་ལེན་བྱེད་ནུས་ཆེ་བའི་ངལ་རྩོལ་འདུས་ཚད་ཆེ་བའི་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་དྲ་ཐོག་དང་ཡུལ་དངོས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐབས་ལམ་མང་པོར་བརྟེན་ནས་བབ་བསྟུན་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཉིས། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པར་ཤུགས་བསྣན་ནས་ལས་ཞུགས་ཀྱི་ལྡབ་འགྱུར་ཕན་འབྲས་ཆེ་རུ་གཏོང་དགོས། “གློད་སྡོམ་ཞབས་གསུམགྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལས་གཏོད་ཀྱི་བཀག་རྒྱ་སེལ་བ་དང་། ལས་གཏོད་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་པ། ཁེ་ལས་པའི་སྙིང་སྟོབས་སྲུང་སྐྱོབ་བཅས་བྱས་ནས་ངལ་རྩོལ་པའི་ལས་གཏོད་ཧུར་སེམས་འཕེལ་བར་བྱེད་དགོས། གསུམ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། ཚོང་ལས་རྣམ་པ་གསར་པ་བཅས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་ལས་ཞུགས་ལས་གནས་གསར་པ་ཇེ་མང་དུ་གཏོང་དགོས། བཞི། ལམ་སྲོལ་དང་སྲིད་ཇུས་འཐུས་ཚང་དུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ཞོར་ལས་པ། དམག་ཁུངས་ནས་བུད་པའི་དམག་མི། དབུལ་ཐར་མི་འབོར་སོགས་ལ་ལས་ཞུགས་ཞབས་འདེགས་ཡག་པོ་ཞུ་དགོས། ལས་ཞུགས་ཀྱི་མཐོང་ཆུང་སེལ་གང་ཐུབ་བྱེད་པ་དང་། བབ་བསྟུན་ལས་ཞུགས་མི་སྣ་དང་ལོ་ན་མཐོ་བའི་ངལ་རྩོལ་པ། བུད་མེད་ངལ་རྩོལ་པ་སོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་། ཁྲོམ་རའི་དགོས་མཁོར་ཕྱོགས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ངལ་རྩོལ་པའི་རྩལ་ནུས་དང་བདེ་འཇགས་ཐོན་སྐྱེད་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། 

གྲོས་ཚོགས་ཀྱིས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།