ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་སྟོན་དུས་སློབ་སྐབས་སུ་སློབ་མ་སློབ་གྲྭར་ལོག་པར་ཚད་གཞི་གསུམ་ཚང་དགོས་པ་བསྟན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། སློབ་གསོ་པུའུ་ཡིས་རྒྱལ་ཡོངས་སློབ་གསོའི་མ་ལག་གི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བརྙན་རིས་སྡེབ་སྒྲིག་ཚོགས་འདུ་བསྡུས་ཏེ། ཚན་རིག་ལྟར་སྟོན་དུས་སློབ་སྐབས་ཀྱི་སློབ་མ་སློབ་གྲྭར་ལོག་པར་ཚད་གཞི་གསུམ་ཚང་དགོས་པ་སྟེ། སློབ་གྲྭའི་རིམས་ནད་འགོག་བཅོས་ཚོད་འཛིན་ཆ་རྐྱེན་དེ་ས་གནས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བླང་བྱར་སླེབས་མེད་ན་སློབ་གྲྭར་ལོག་མི་རུང་བ་དང་། སློབ་གྲྭའི་ཚོད་འཛིན་འགོག་བཅོས་བྱེད་ཐབས་དོན་འཁྱོལ་བྱས་མེད་ན་སློབ་གྲྭར་ལོག་མི་རུང་བ། འཕྲལ་བསྟུན་གྲ་སྒྲིག་དང་འཁྲབ་སྦྱོང་གནད་དུ་ཁེལ་མེད་ན་སློབ་གྲྭར་ལོག་མི་རུང་བཅས་བསྟན་ཡོད། 

ཚོགས་འདུས་ནན་གྱིས་བསྟན་དོན། ཏི་འར་ཐའི་རྒྱུད་འགྱུར་ནད་དུག་གི་འགོས་ནད་རང་བཞིན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་མཐོང་ཆེན་བྱས་ཏེ། ཏན་ཏིག་གིས་སློབ་གྲྭའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བླང་བྱ་གསར་བར་བརྡར་གཅོད་དང་འགོག་བཅོས་ཚོད་འཛིན་གྱི་སྐྱོན་ཆ་བསུབ་ནས། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་སྣ་ཚོགས་གཟབ་ནན་དུ་གཏོང་དགོས།

ཚོགས་འདུས་ནན་གྱིས་བསྟན་དོན། ཁོངས་གཏོགས་འགན་འཁྲི་གཟབ་ནན་བྱེད་དགོས། རིམ་པ་སོ་སོའི་སློབ་གསོ་སྡེ་ཁག་དང་མཐོ་རིམ་སློབ་གྲྭས་ས་གནས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་འོག  རིམས་ནད་གནས་བབ་འགྱུར་ལྡོག་ལྟར། ཚན་རིག་སྒོས་གཏན་འཁེལ་དང་སྟོན་དུས་སློབ་སྐབས་ཀྱི་སློབ་མགོ་ཚུགས་པའི་བྱེད་ཐབས་དང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་ཐབས་སྡེབ་སྒྲིག་བྱས་ནས་དུས་ཐོག་ཏུ་ཡར་ཞུ་བྱས་ཏེ། ཁྱོན་ཡོངས་ནས་སྟོན་དུས་སློབ་སྐབས་སུ་སློབ་གྲྭར་ལོག་པའི་བྱ་བར་གྲ་སྒྲིག་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཕྲལ་བསྟུན་གྲ་སྒྲིག་འཐུས་ཚང་དུ་བཏང་ནས། མི་སྣ་དངོས་ཟོག་དང་ལོགས་བཀར་བྱེད་ས་སོགས་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ཏེ། འཕྲལ་བསྟུན་འཁྲབ་སྦྱོང་ལ་ཤུགས་བསྣན་ནས། རིམས་ནད་ཀྱི་ཉེན་ཁར་གདོང་གཏོད་པའི་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས།

དེ་ལས་གཞན། བདེ་ཐང་དོ་དམ་དང་བདེ་ཐང་ལྟ་སྐུལ་ཚད་ལེན་བྱ་བ་གཟབ་ནན་སྒོས་སྒྲུབ་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་བླང་བྱ་དེ་དགེ་རྒན་དང་སློབ་མ་རེ་རེར་དོན་འཁྱོལ་ཡོང་བར་བྱེད་དགོས། ཉེན་ཁ་མི་འདྲ་བའི་ས་ཁུལ་གྱི་དགེ་སློབ་རིགས་དབྱེའི་སྒོས་སློབ་གྲྭར་ལོག་པའི་བླང་བྱ་གསལ་བོར་བྱས་ཏེ། སློབ་མགོ་ཚུགས་པའི་སློབ་གྲྭར་མ་ལོག་སྔོན་གྱི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་། སློབ་གྲྭར་ལོག་པའི་སྐབས་ཀྱི་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། 

ཚོགས་འདུས་བསྟན་དོན། སློབ་རའི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་གཟབ་ནན་བྱེད་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས། རིམས་ནད་འགོག་བཅོས་ཚོད་འཛིན་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་ལ་ཤུགས་བསྣོན་དགོས། སློབ་རའི་གཙོ་གནད་ར་བའི་ཁོར་ཡུག་དུག་སེལ་དང་། ལག་པ་འཁྲུ་བ། རྒྱུན་པར་རླུང་རྒྱུ་རུ་འཇུག་པ་སོགས་ཀྱི་འགོག་བཅོས་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཡོང་བར་བྱེད་དགོས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།