ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འབྲེལ་མཉམ་བཅོས་ལས་ཁུངས་ཀྱིས་སྨན་ཁང་གི་འགོས་ནད་འགོག་བཅོས་ཚོད་འཛིན་བྱ་བ་གཟབ་ནན་བྱེད་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་ལས་ཁུངས་ཀྱི་ཕྱོགས་བསྡུས་ཚན་ཆུང་གིས་ཉེ་ཆར《སྔར་ལས་ལྷག་པའི་སྒོ་ནས་པྲོག་གསར་གློ་ཚད་རིམས་ནད་མྱུར་སྐྱོབ་གཏན་འཁེལ་སྨན་ཁང་གི་འགོས་ནད་འགོག་བཅོས་དང་ཚོད་འཛིན་བྱ་བར་ཤུགས་བསྣོན་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། བག་གཡེང་གི་བསམ་པ་སྐྱེས་པར་མི་དམངས་ཀྱི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ཁུར་བའི་རྣམ་འགྱུར་གྱིས། གཏན་འཁེལ་བྱས་པའི་སྨན་ཁང་གི་འགོས་ནད་འགོག་བཅོས་དང་ཚོད་འཛིན་བྱ་བ་སོ་སོ་གཟབ་ནན་སྒོས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན། 

དེང་སྐབས། འཛམ་གླིང་ཡོངས་ཀྱི་རིམས་ནད་གནས་བབ་ལ་མུ་མཐུད་དུ་འགྱུར་ལྡོག་བྱུང་བཞིན་ཡོད་ཅིང་། རྒྱུད་འགྱུར་ནད་དུག་བསྟུད་མར་བྱུང་བ་དང་། རྒྱལ་ནང་དུའང་ས་ཁུལ་མང་པོར་རིམས་ནད་བྱུང་ནས་གནས་བབ་རྙོག་འཛིང་ཏུ་གྱུར་ཡོད།

བརྡ་སྦྱོར་ལས་བསྟན་དོན། ས་གནས་སོ་སོས་ཕྱོགས་བསྡུས་ནུས་ཤུགས་ཆེ་ལ་ནད་ལྕི་མོའི་མྱུར་སྐྱོབ་གྱི་ཆ་རྐྱེན་ལྡན་པ་དང་། འགོས་ནད་ཚོད་འཛིན་དོ་དམ་གྱི་ཆུ་ཚད་མཐོ་བའི་སྨན་ཁང་དེ་གཏན་འཁེལ་སྨན་ཁང་དུ་བྱེད་དགོས། རྒྱུན་རྣམ་ཅན་གྱི་གནས་ཚུལ་འོག  ཕྱི་ནས་ནང་དུ་མཆེད་པ་དང་ས་གནས་རང་གི་པྲོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱས་པའི་ནད་པ་དང་། ནད་རྟགས་མེད་པའི་ནད་པ་བཅས་གཅིག་བསྡུས་སྒོས་གཏན་འཁེལ་སྨན་ཁང་གི་སྒེར་ཚུགས་ནད་ཁང་དུ་བསྡུ་ལེན་བྱེད་པ་ལས། ནད་པ་གཞན་དང་དུས་གཅིག་ཏུ་ས་ཁོངས་གཅིག་དང་ནད་ཁང་གཅིག་ཏུ་བསྡུ་ལེན་བྱེད་མི་ཆོག 

བརྡ་སྦྱོར་ལས། མི་སྣའི་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ནས། སྒོ་བཀག་དོ་དམ་ལ་ཁག་ཐེག་བྱེད་དགོས། ཟུར་བཀར་ནད་ཁུལ་གྱི་ལས་སྒྲུབ་ལ། སྨན་བཅོས་མི་སྣ་དང་དོ་དམ་མི་སྣ། བདེ་སྲུང་། གཞོགས་འདེགས་པ། གཙང་སྦྲ་མི་སྣ་དང་རླངས་འཁོར་ཁ་ལོ་བ་སོགས་ཚུད་པའི་ལས་མི་ཡོངས་། ཆེས་ཐོག་མར་ཟུར་བཀར་ནད་ཁུལ་དུ་འགྲོ་སྐབས་ཚང་མར་པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་དགོས་པ་མ་ཟད། ས་གནས་སྲིད་གཞུང་གི་བཀོད་སྒྲིག་ལྟར་འདུག་ཡུལ་སྡོད་པ་དང་། གཅིག་གྱུར་གྱིས་སྒོ་བཀག་དོ་དམ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།