ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཀྲུང་གོས་ལི་ཐའོ་ཝན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འཐེན་བྱེད་རྒྱུའི་ཐག་བཅད་པ་ཡིན་ཞེས་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་བཅུ་ཉིན་གཏམ་བཤད་སྤེལ་ནས། ཀྲུང་གོས་ལི་ཐའོ་ཝན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཕྱིར་འཐེན་བྱེད་རྒྱུའི་ཐག་བཅད་པར་མ་ཟད། ལི་ཐའོ་ཝན་སྲིད་གཞུང་གིས་ཀྲུང་གོ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འཐེན་བྱེད་རྒྱུའི་རེ་བ་བཏོན་པ་ཡིན། འདི་ནི་ཀྲུང་གོས་ཉེ་སྔོན་ལི་ཐའོ་ཝན་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ལི་ཐའོ་ཝན་བར་འབྲེལ་བ་བཙུགས་པའི་སྤྱི་བསྒྲགས་ཀྱི་ནང་དོན་ལ་མངོན་སུམ་གྱིས་རྒྱབ་འགལ་བྱས་པ་དང་། ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱིས་ཐེ་ཝན་གྱི་མིང་སྟེང་ནས་འཐུས་ཚབ་ཁང་འཛུགས་སུ་བཅུག་པའི་ནོར་འཁྲུག་གྱི་བྱ་སྤྱོད་ལ་དྲང་བདེན་དང་ལུགས་མཐུན་སྒོས་རྒོལ་ལན་སྤྲད་པ་ཞིག་ཡིན་ལ། ལི་ཐའོ་ཝན་གྱིས་ངེས་པར་དུ་ཀྲུང་གོ་གཅིག་གི་རྩ་དོན་ལ་འགྲན་ཅི་ཡང་སློང་མི་རུང་ལ། ཀྲུང་གོ་གཅིག་གི་རྩ་དོན་སྣང་མེད་དུ་བརྩི་བ་དང་དེར་ངོ་རྒོལ་བྱེད་པའི་ལྐོག་གཡོ་ཅི་ཞིག་ཡིན་རུང་ཕམ་ཁ་ཆེན་པོ་མྱོང་སྲིད་ཅེས་བསྒྲགས།

འཛམ་གླིང་སྟེང་ཀྲུང་གོ་གཅིག་མ་གཏོགས་མེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་གྱི་སྲིད་གཞུང་གཅིག་པུ་ཡིན་ལ། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ནི་ཚང་མས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་རྩ་འཛིན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ལྟ་བ་ཡིན་པ་དང་། ཀྲུང་གོ་དང་རྒྱལ་ཁབ་གཞན་དག་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་གོང་དུ་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་དང་ཆབ་སྲིད་ཀྱི་རྨང་གཞི་ཡིན། ལི་ཐའོ་ཝན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་འགལ་བྱས་ཏེ་ཐའེ་ཝན་དབང་འཛིན་ལས་ཁུངས་ལ་འཐུས་ཚབ་ཁང་འཛུགས་སུ་བཅུག་པའི་བྱ་སྤྱོད་དེས་ལོ་རྒྱུས་ཀྱི་གོམ་ཁ་ཕྱིར་བསྒྱུར་ནས་ཀྲུང་གོ་བདག་དབང་དང་མངའ་ཁོངས་ཆ་ཚང་བར་གནོད་པ་ཚབས་ཆེན་བཟོས་པ་རེད་ཟེར།

ཐའེ་ཝན་གྱི་གནད་དོན་དེ་ཀྲུང་གོའི་སྲོག་ཤིང་ཁེ་ཕན་དང་འབྲེལ་ཡོད་ལ། གནད་དོན་དེའི་སྟེང་ནས་ཀྲུང་གོས་བློས་གཏོང་དང་ཕྱིར་སྣུར་ཅི་ཡང་བྱེད་མི་སྲིད། དེ་སྔོན་ཀྲུང་གོས་ལི་ཐའོ་ཝན་ཕྱོགས་ལ་འབྲེལ་འདྲིས་བྱས་ཏེ་དེའི་སྐོར་གྱི་གནས་ལུགས་བཤད་ནའང་། ལི་ཐའོ་ཝན་གྱིས་སྣང་མེད་དུ་བཞག་ནས་རང་འདོད་ལྟར་ཨུ་ཚུགས་མཐར་སྐྱེལ་བྱས་པ་རེད། ད་ལྟ་ཀྲུང་གོ་དང་ལི་ཐའོ་ཝན་གྱི་འབྲེལ་བ་དཀའ་ངལ་ཆེན་པོར་འཕྲད་པ་འདི་འགན་ཡོངས་རྫོགས་ལི་ཐའོ་ཝན་ཕྱོགས་ཀྱིས་ཁུར་དགོས་ཟེར།

ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་མངོན་འགྱུར་བྱེད་པའི་ཆོད་སེམས་ལ་འགྱུར་བ་གཏན་ནས་མེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པའི་མཐའ་ཚད་དེར་གང་གིས་ཀྱང་ཕོག་ཐུག་གཏོང་མི་རུང་། ལི་ཐའོ་ཝན་ཕྱོགས་ཀྱིས་ཐའེ་ཝན་གནད་དོན་གྱི་ཐལ་དྲགས་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། ཐའེ་ཝན་གནད་དོན་གྱི་ནོར་འཁྲུལ་བྱ་སྤྱོད་ཀྱི་མཇུག་འབྲས་ཚབས་ཆེན་གསལ་བོར་ཤེས་དགོས། ལི་ཐའོ་ཝན་ཕྱོགས་ཀྱིས་མྱུར་དུ་རང་ཚོད་འཛིན་དགོས་པ་ལས་མུ་མཐུད་ནོར་འཁྲུལ་གྱི་བྱ་བ་བསྒྲུབ་མི་རུང་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།