ཀྲུང་གོ་བོད་ཀྱི་དྲ་བ།

ཨང་བདུན་པའི་དོན་སྙིང་རང་ག་བ་ཞིག་མིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ།རིག་འཛིན་ལྷ་མོ།   སྤེལ་དུས། : 2021-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁ་སང(ཟླ8པའི་ཚེས6ཉིན)ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་འདུར་རྒྱུག་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་སྐོར་གྱི་སྤྱི་ལེ20ཡི་རྟིང་རྩོད་འགྲན་སྡུར་ལ་ཞུགས། ཆུ་ཚོད1སྐར་མ31སྐར་ཆ04ཡི་རྒྱུག་འབྲས་ཀྱིས་ཨང་བདུན་པ་བླངས་ཡོད། འདི་ནི་མོས་ལོ་ངོ་ལྔའི་རིང་ལ་གྲ་སྒྲིག་དང་འབད་བརྩོན་གྲངས་མེད་བྱས་པའི་གྲུབ་འབྲས་རེད། དྲ་གྲོགས་མང་པོས་ཁོ་མོར་རྒྱུག་འབྲས་བཟང་པོ་འདི་འདྲ་ཐོབ་པར་དགའ་འབོད་ཚད་མེད་དང་ལྷག་བསམ་ཟོལ་མེད་ཀྱི་བསྟོད་བསྔགས་བྱེད་ཀྱིན་ཡོད།  རྩོམ་སྒྲིག་པ་ང་ཡང་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱི་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཁོ་མོར་རྟེན་འབྲེལ་གྲངས་མེད་ཞུ།

མོ་ནི་འཛམ་བུ་གླིང་ལ་སྐད་གྲགས་ཆོད་པའི་བོད་ཀྱི་ལུས་རྩལ་པ་གྲགས་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་འདུར་རྒྱུག་རྣམ་གྲངས་ཀྱི་ལུས་རྩལ་པ་རྩེ་གྲས་ཤིག་ཀྱང་ཡིན། མོས་རྒྱལ་ཁབ་ཕྱི་ནང་གི་འདུར་རྒྱུག་འགྲན་སྡུར་མང་པོའི་ཁྲོད་གྲུབ་འབྲས་མི་དམན་པ་བླངས་པ་འདིས། བོད་ཀྱི་ལུས་རྩལ་ལས་རིགས་དང་། ལུས་རྩལ་འགྲན་བསྡུར་གྱི་ཁྱབ་ཁོངས་སུའང་བླ་ན་མེད་པའི་བྱས་རྗེས་བཞག་ཡོད།

ཀྲུང་གོ་གསར་བ་དབུ་བརྙེས་ཚུན། བོད་ཀྱི་ལུས་རྩལ་ལས་རིགས་འདི་འཛམ་གླིང་ལ་ཁ་ཕྱོགས་མགོ་བརྩམ་ཞིང་། 1986ལོའི་ཟླ10བར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་བྱམས་བརྩེའི་ཐུགས་ཁུར་དང་འབོད་སྐུལ་གནང་ཞིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་རྟ་རྩལ་རུ་ཁག་གི་སྒོ་བྱང་དངོས་སུ་བཀལ། དུས་དེ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་བྱ་འགུལ་ཁྲོད་བོད་ཀྱི་ལུས་རྩལ་པའི་གཟུགས་བརྙན་རིམ་བཞིན་ཇེ་མང་དུ་གྱུར། འདི་ཡང་ཏང་ཀྲུང་དབྱང་དང་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ཀྱི་ལུས་རྩལ་བྱ་བར་ཐུགས་ཁུར་ཟབ་མོ་གནང་བའི་གྲུབ་འབྲས་ཡིན།

དེའི་རྗེས་སུ། རྒྱལ་ཁབ་ཀྱི་སྟོབས་ལྡན་སྣེ་ཁྲིད་དང་། མི་རིགས་ལུས་རྩལ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་མཐར་ཕྱིན་བྱས་རྐྱེན། བོད་འབྲེལ་ས་ཁུལ་ཁག་ཏུའང་ལུས་རྩལ་སློབ་གྲྭ་བཙུགས་ཤིང་། ལུས་རྩལ་སློབ་ཚན་སློབ་གྲྭ་ཆུང་འབྲིང་གི་སློབ་སྦྱོང་འཚོ་བའི་ཁྲོད་ཁྱབ་ཡོད། ཆུང་དུས་ནས་ལུས་རྩལ་ལ་དགའ་བའི་ཆོས་དབྱིངས་སྐྱིད་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་མགྱོགས་ཤང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།  2006ལོའི་ཟླ9པར་ཆོས་དབྱིངས་སྐྱིད་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭར་ཞུགས་པ་དང་།  2010ལོའི་ཟླ6པར། རྒྱལ་ཁབ་འདུར་རྒྱུག་རུ་ཁག་ནང་ཞུགས་ནས་ཕྱོགས་བསྡུས་ལུས་རྩལ་སྦྱོང་བརྡར་བྱས།   2012ལོར་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ་ཅིང་ཨེ་ཤེ་ཡའི་ཟིན་ཐོ་གསར་བ་བསྐྲུན། ཨོ་རྩལ་འགྲན་ཚོགས་ཁྲོད་རྟགས་མ་ཐོབ་པའི་བོད་ཀྱི་ལུས་རྩལ་པ་དང་པོར་གྱུར།

2018ལོའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་སྐོར་གྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་གཉིས་པ་ཐོབ། 2019ལོའི་ཏོ་ཧ་འཛམ་གླིང་གི་མཆོང་རྒྱུག་འགྲན་བསྡུར་ཁྲོད་ཆོས་དབྱིངས་སྐྱིད་ལ་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་གི་ཨང་གཉིས་པའི་བྱ་དགའ་ཐོབ། དེའི་རྗེས། 2019ལོའི་འཛམ་གླིང་མཆོང་རྒྱུག་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་འགྲན་སློང་འགྲན་བསྡུར་གྱི་བུད་མེད་རུ་ཁག་གི་ལོ་འཁོར་བྱ་དགའ་ཨང་དང་པོ་ཐོབ། ཐེངས་འདིའི་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ནི་ཆོས་དབྱིངས་སྐྱིད་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཐེངས་གསུམ་པ་ཡིན། 

བོད་ཀྱི་ལུས་རྩལ་བྱ་བཞག་གི་དེད་དཔོན་ཆེན་མོ་པཎ་ཆེན་སྣང་བ་མཐའ་ཡས་མཆོག་གིས་བོད་ཀྱི་ལུས་རྩལ་པ་ཞིག་གིས་རྒྱལ་སྤྱིའི་འགྲན་བསྡུར་ཆེན་མོའི་ཐོག་གྲུབ་འབྲས་གཡུར་དུ་ཟ་བ་འདི་འདྲ་བླངས་པ་མཐོང་ན། ཁོང་ཉིད་ཀྱི་རྣམ་དག་ཐུགས་ཀྱི་འདུན་མའང་ཅུང་ཟད་འགྲུབ་ཀྱིན་ཡོད་འདོད་དེ་དགོངས་པ་རབ་ཏུ་དགྱེས་སྲིད་དོ། །

མི་ཞིག་གི་སྙན་གྲགས་རྒྱས་ཚེ་ཁོའི་ཕ་ཡུལ་ཡང་དེ་བཞིན་མིང་དུ་གྲགས་འགྲོ་སྟེ། རྗེ་ཙོང་ཁ་བ་མཆོག་ཡུལ་དབུས་སུ་སློབ་གཉེར་བྱེད་བཞིན་པའི་སྐབས་སུ་མི་རྣམས་ཀྱིས་ཁོང་ལ“ཨ་མདོ་ཆོས་མང་མ”ཞེས་མཚན་སྙན་གསོལ་བ་དང་ཨ་མདོའི་ཡུལ་གྱི་སྙན་པའང་དབུས་གཙང་ཕྱོགས་སུ་གྲགས། ཕོ་གསར་བསྟན་འཛིན་དྲ་ལམ་ནས་མིང་གྲགས་རྒྱས་པ་དང་མཉམ་དུ་ཁོའི་ཕ་ཡུལ་ལི་ཐང་ཡང་ཡུལ་སྐོར་གནས་མཆོག་ཅིག་ཏུ་གྱུར། ད་ལྟ། ཆོས་དབྱིངས་སྐྱིད་ཀྱིས་ཨོ་རྩལ་འགྲན་ཚོགས་སྟེང་ནས་ཨང་བདུན་པ་བླངས་པ་དང་། རྒྱལ་ཁབ་དང་མི་རིགས་ལ་གཟི་བརྗིད་བསྩལ་ཡོད་པ་མ་ཟད། མོའི་ཕ་ཡུལ་མཚོ་སྔོན་ཧེ་ཡན་རྫོང་ཡང་དགེ་མིང་སྙན་གྲགས་རྒྱས་ཡོད།  

ཆོས་དབྱིངས་སྐྱིད་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་གནས་ཚུལ་འདིར་ངེད་ཀྲུང་གོ་བོད་ཀྱི་དྲ་བས་རྗེས་འདེད་གསར་འགོད་བྱས་ཡོད་དེ། ད་ལོའི་ཟླ་གསུམ་པའི་ཚེས20ཉིན། 2021ལོའི་རྒྱལ་ཡོངས་ཀྱི་འདུར་རྒྱུག་འགྲན་སྡུར་དང་ཨོ་རྩལ་འགྲན་ཚོགས་འདེམས་སྒྲུག་འགྲན་སྡུར་ཁྲོད། ཆོས་དབྱིངས་སྐྱིད་ཀྱིས་མི་སྒེར་གྱིས་ཆེས་བཟང་བའི་རྒྱུག་འབྲས་ཀྱིས་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་ཐོབ་ཐང་བླངས། ཟླ7པའི་ཚེས14ཉིན་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ལུས་རྩལ་མི་སྣ777ཁྲོད་མཚོ་སྔོན་གྱི་འདུར་རྒྱུག་ལུས་རྩལ་པ་གྲགས་ཅན་ཆོས་དབྱིངས་སྐྱིད་ཚུད་ཡོད། ཟླ8པའི་ཚེས5ཉིན། རྟིང་རྩོད་འགྲན་སྡུར་སྔོན་གྱི་ཉིན་དང་པོར། ངེད་ཀྲུང་གོ་བོད་ཀྱི་དྲ་བས“སང་ཉིན། ཆོས་དབྱིངས་སྐྱིད་རྟིང་རྩོད་འགྲན་སྡུར་ལ་ཞུགས་རྒྱུ་རེད”ཅེས་པའི་བརྡ་ཁྱབ་པར་རིས་སྤེལ་པར་དྲ་གྲོགས་མང་པོས་དོ་ཁུར་ཆེན་པོ་ཐོབ་ལ། ཡིད་སེམས་འགུལ་པའི་དཔྱད་བརྗོད་སྤེལ་ཏེ་ཆོས་དབྱིངས་སྐྱིད་ཀྱིས་གྲུབ་འབྲས་བཟང་བོ་ལེན་པར་སྨོན་འདུན་ཞུས།

ང་ཚོར་རྒྱ་བོད་སྐད་གཉིས་ཀྱི་དཔྱད་བརྗོད་སུམ་བརྒྱ་ལྷག་འབྱོར་བར་འཕྲིན་སྟེགས་ཀྱི་ཚད་བཀག་རྐྱེན་གྱིས་བརྒྱ་ཙམ་མ་གཏོགས་ཀློག་པ་པོའི་མཐོང་ལམ་དུ་སྟོན་མ་ཐུབ་མོད། འདིར་དཔྱད་བརྗོད་དེ་དག་ལ་རིགས་བགར་ནས་བལྟས་ན། ཆོས་དབྱིངས་སྐྱིད་འགྲན་སྡུར་ལས་རྣམ་པར་རྒྱལ་པར་སྨོན་འདུན་ཞུ་བ་དང་། ཚིག་རྒྱན་སྙན་ངག་དང་བཅས་པས་ཆོས་དབྱིངས་སྐྱིད་ལ་བསྟོད་པ། ཆོས་དབྱིངས་སྐྱིད་ལ་འགྲན་སྡུར་སྐབས་སུ་གེགས་དང་བར་ཆད་མེད་པའི་སྨོན་འདུན་ཞུ་བ་བཅས་ནང་དོན་རིགས་གསུམ་དུ་དབྱེ་ཆོག

དྲ་གྲོགས་ལ་ལས་སྙན་པའི་ངག་གིས་བསྟོད་ཅིང་། ལ་ལས་སེམས་ཁོང་གི་སྨོན་འདུན་གྲངས་མེད་ཞུས། ལ་ལས་རང་གི་ཆེས་རྒྱུན་ལྡན་དང་སྲོལ་རྒྱུན་གྱི་ཐབས་ལམ་ལྷ་ཀླུ་གཞི་བདག་ལ་གསོལ་ཏེ་ཁོ་མོར་རྒྱལ་ཁ་ལོན་པའི་སྨོན་ལམ་བཏབ། དྲ་གྲོགས་མང་པོའི་རེ་བ་དང་སྨོན་འདུན་དག་རྩོམ་སྒྲིག་པ་ངའི་མདུན་དུ་ཆུ་རྒྱུག་རྒྱུག་དང་རླུང་གཡུག་གཡུག་གིས་ཐོན་ཞིང་། ཆོས་དབྱིངས་སྐྱིད་ཀྱི་རྟིང་རྩོད་འགྲན་བསྡུར་ལ་སྤོབས་སེམས་དང་སྟོབས་ཤུགས་བསྣན།  

 མཐར། ཐེངས་འདིའི་འགྲན་སྡུར་ཁྲོད། ཆོས་དབྱིངས་སྐྱིད་ལ་རྟགས་མ་མ་ཐོབ་ཀྱང་། ཁོ་མོས་སྔར་བཞིན་ལུས་རྩལ་གྱི་སྙིང་སྟོབས་ཆེས་ཆེར་སྤེལ་ཅིང་། རྒྱལ་ཁབ་ཀྱི་གཟི་བརྗིད་དང་མི་རིགས་ཀྱི་ལ་རྒྱ་བརྩོན་ལེན་བྱས་ནས་ཨང་བདུན་པའི་གྲུབ་འབྲས་བཟང་བོ་བླངས། དེ་ཡང་དགའ་འོས་ཤིང་ངོམ་ཆོག་པའི་འབྲས་བུ་ཞིག་ག་ལ་མིན། ང་དང་ང་འདྲ་བའི་རྒྱབ་སྐྱོར་མཁན་དང་ལྟད་མོ་བ་མང་པོས་སོ་སོའི་སྙིང་གཏམ་གླེང་བ་འདི་ལྟ་སྟེ།


འདི་དང་འདི་འདྲ་བའི་བསྟོད་བསྔགས་དང་རྒྱབ་སྐྱོར་གྱི་གཏམ་གླེང་མང་པོ་ཆོས་དབྱིངས་སྐྱིད་ལ་ཕུལ་ཅིང་། ཁོ་མོས་མི་རིགས་ལུས་རྩལ་གྱི་གོང་འཕེལ་ལ་བྱས་རྗེས་མི་དམན་པ་བཞག་པར་ཐུགས་རྗེ་ཆེ་ཞུས།

ཡང་མཐར། དྲ་གྲོགས་མང་པོ་ཞིག་གིས་ཆོས་དབྱིངས་སྐྱིད་ཀྱི་རྒྱུག་འབྲས་བཟང་བོ་ལོན་པར་རྟེན་འབྲེལ་ཞུ་བ་དང་། གཟའ་མཇུག་གི་དུས་ཚོད་དང་ཁེལ་ཏེ། སེམས་ཀྱི་དགའ་སྤྲོ་མཚོན་པར་མི་མང་འདུ་སར་འགྲོ་སྲིད་མོད། དེའི་སྐོར་ལ་རྩོམ་སྒྲིག་པས་གསལ་འདེབས་བྱེད་རྒྱུ་ཞིག་ལ། པྲོག་གསར་གློ་ཚད་ཀྱི་རྒྱལ་སྤྱིའི་མཆེད་ཚུལ་སྔར་བཞིན་ཛ་དྲག་ཆེ་ལ། རྒྱལ་ནང་དུའང་ས་ཁུལ་མང་པོར་པྲོག་གསར་གློ་ཚད་ཀྱི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པས། མཚོ་སྔོན་ཞིང་ཆེན་གྱིས་ཀྱང"མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ ( ཨང28པ)"དང་། "མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་འདོམས་པུའུ་ཡི་བརྡ་ཁྱབ(ཨང་དང་པོ)"སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ཡོད། དྲ་གྲོགས་ཀུན་གྱིས་སྲིད་གཞུང་གི་འབོད་སྐུལ་དང་ལེན་དང་། སྤྱི་དམངས་ཀྱི་འགན་འཁྲི་རང་འཁུར། སྒེར་གྱི་བདེ་ཐང་ལ་དོ་སྣང་བྱས་ནས་མི་མང་འདུ་གནས་སུ་མི་འགྲོ་བ་དང་། ཁ་ཐུམ་རྒྱག་པ། ལག་པ་འཁྲུ་བ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་སྨི་གཅིག་འཇོག་པ་སོགས་ལ་དོ་སྣང་དང་གཟབ་གཟབ་བྱ་དགོས་སོ།།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།