ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས་ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་ཀྱི་ཕྱི་འབྲེལ་དཔོན་པོའི་ཚོགས་འདུ་རབ་དང་རིམ་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས་ཚེས་བདུན་ཉིན་ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་རབ་དང་རིམ་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ་སྟེ། མཉམ་ལས་བྱས་ནས་རིམས་ནད་འགོག་རྒོལ་བྱེད་པར་སྒུལ་ཤུགས་གསར་པ་བསྣན།

གསར་འགོད་པས་མིག་སྔར་པྲོག་གསར་གློ་ཚད་ཀྱི་གཤིས་འགྱུར་ནད་དུག་འཛམ་གླིང་ཡོངས་སུ་མཆེད་བཞིན་པ་དང་། ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་རིམས་ནད་ཚབས་ཆེ། ཐེངས་འདིའི་ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་རབ་དང་རིམ་པའི་སྟེང་གནས་བབ་གསར་པའི་འོག་རིམས་ནད་འགོག་རྒོལ་བྱེད་པར་ཐུན་མོང་གི་ལྟ་ཚུལ་ཅི་འདྲ་བྱུང་ཡོད་ཅེས་དྲིས་པ་ན། ཧྭ་ཁྲུན་དབྱིན་གྱིས་མིག་སྔར་རང་ས་ཁུལ་དང་ཐ་ན་འཛམ་གླིང་ཡོངས་སུ་རིམས་ནད་བསྐྱར་འཕར་འབྱུང་བཞིན་ཡོད་པས། མཐུན་སྒྲིལ་བྱས་ཏེ་རིམས་ནད་འགོག་རྒོལ་བྱེད་པ་ནི་ཐེངས་འདིའི་གྲོས་ཚོགས་སྟེང་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་པུའུ་ཀྲང་བར་དུ་བྱུང་བའི་ཐུན་མོང་གི་ལྟ་བ་ཆེས་ཆེན་པོ་ཡིན། ཕྱོགས་སོ་སོས་ཡོངས་ཁྱབ་ཏུ་བལྟས་ན། དེང་སྐབས་ཆེས་གལ་ཆེ་བ་ནི་འགོག་སྨན་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ས་ཁུལ་གྱི་འགོག་སྨན་ཁྱབ་ཚད་ཇེ་ཆེར་གཏོང་རྒྱུ་དེ་ཡིན། རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་ཡིས་ཚོགས་འདུའི་སྟེང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེས་གསར་དུ་བསྒྲགས་པའི་བྱེད་ཐབས་གལ་ཆེན་མཚམས་སྦྱོར་བྱས་ཏེ། ཀྲུང་གོ་སྲིད་གཞུང་གི་རྣམ་འགྱུར་ལེགས་པོ་གསལ་བོར་བསྟན་ཡོད་ལ། ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོག་སྨན་ནི་འཛམ་གླིང་ཡོངས་ཀྱི་སྤྱི་པའི་ཐོན་རྫས་སུ་བྱེད་པའི་དམ་བཅའ་བརྟན་པོ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ས་ཁུལ་གྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་སོ་སོའི་འགོག་སྨན་གྱི་དགོས་མཁོ་བསྐོང་རྒྱུ་ཡིན་ལ། ས་ཁོངས་ཀྱི་འགོག་སྨན་ཐོན་སྐྱེད་དང་བགོ་བཤའ་ལྟེ་གནས་བསྐྲུན་པར་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ས་ཁུལ་གྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ས་ཁུལ་གྱི་རིམས་འགོག་ལ་ཤུགས་བསྣན་ནས། ས་ཁུལ་གྱི་མི་དམངས་ཀྱི་བདེ་ཐང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བསྟན་ཡོད་ཟེར།

ཧྭ་ཁྲུན་དབྱིན་གྱིས་བསྟན་དོན། རྒྱལ་ཁབ་མི་ཉུང་བ་ཞིག་གིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་དུ་བླངས་ཏེ། ནད་དུག་གི་འགོ་ཁུངས་བཙལ་བ་ནི་གཟབ་ནན་ཅན་གྱི་ཚན་རིག་གི་གནད་དོན་ཞིག་ཡིན་པས། ཚན་རིག་གི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་དགོས་པ་ལས། ཆབ་སྲིད་ཀྱི་བྱེད་ཐབས་སྤྱོད་པར་བཀག་འགོག་བྱེད་དགོས་ཞེས་བསྟན་སོང་ཟེར།

གསར་འགོད་པས་དེང་སྐབས་ས་ཁུལ་གྱི་དཔལ་འབྱོར་བསྐྱར་དར་ཚོད་བགམ་ཆེན་པོར་འཕྲད་ཡོད། ཚོགས་འདུའི་སྟེང་དེའི་སྐོར་ནས་ཇི་ལྟར་གྲོས་སྡུར་བྱས་པ་དང་ཀྲུང་གོས་ཐག་གཅོད་ཀྱི་ཇུས་གཞི་ཅི་ཞིག་བཏོན་ཡོད་ཅེས་དྲིས་པ་ན། ཧྭ་ཁྲུན་དབྱིན་གྱིས་བསྟན་དོན། ཕྱོགས་སོ་སོས་བལྟས་ན། ས་ཁུལ་གྱི་དཔལ་འབྱོར་བསྐྱར་དར་གྱི་གནོན་ཤུགས་ཆེ་བ་དང་། འགྲན་རྩོད་གསར་པ་མང་དུ་འབྱུང་བཞིན་པས། སེམས་ཤུགས་གཅིག་མཐུན་གྱིས་མཉམ་ལས་ཟབ་མོ་བྱས་ཏེ། ས་ཁུལ་གྱི་རྒྱལ་ཁབ་དག་གིས་ཉེན་ཚབས་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེར་གཏོང་དགོས་པ་དང་མཉམ་དུ། ཡུན་རིང་བོར་བསམ་བློ་བཏང་སྟེ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ས་ཁུལ་གྱི་མཉམ་ལས་གསོན་ཤུགས་ཆེ་རུ་བསྐྱེད་དེ། ཐོབ་དཀའ་བའི་གཏན་འཇགས་དར་རྒྱས་ཀྱི་སྣང་ཚུལ་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་པར་འདོད་ཟེར།

ཧྭ་ཁྲུན་དབྱིན་གྱིས་བཤད་རྒྱུར། རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་ཡིས་ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྱོན་ཡོངས་བསྐྱར་དར་སྒྲོམ་གཞིའི་སྦྲེལ་མཐུད་བྱེད་རྒྱུ་དེ་གཙོ་ཐིག་ཏུ་བཟུང་ནས། ཉོ་འཚོང་དངུལ་གཏོང་མཉམ་ལས་རྨང་གཞི་རུ་བྱེད་པ་དང་། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་འཕར་སྣོན་གྱི་གནས་གསར་བ་རུ་བྱས་ཏེ། ཕྱོགས་གཉིས་ཀྱི་བསྐྱར་དར་མཉམ་ལས་ཀྱི་རྣམ་པ་གསར་པ་བསྐྲུན་འདོད་ཡོད་ཅེས་བསྟན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།