ཞི་ཅིན་ཕིང་གིས་སི་ར་ལ་ཨོང་གི་ཙུང་ཐུང་པུས་ཨའོ་དང་མཉམ་དུ་ཀྲུང་གོ་དང་སི་ར་ལ་ཨོང་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་ཕན་ཚུན་བར་རྟེན་འབྲེལ་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ7པའི་ཚེས29ཉིན་སི་ར་ལ་ཨོང་གི་ཙུང་ཐུང་པུས་ཨའོ་དང་མཉམ་དུ་ཕན་ཚུན་བར་རྟེན་འབྲེལ་གློག་འཕྲིན་བཏང་ནས།རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ཁྲོད་བསྟན་དོན། ཀྲུང་གོ་དང་སི་ར་ལ་ཨོང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཙུགས་པའི་དུས་རབས་ཕྱེད་ཙམ་གྱི་རིང་ལ། རྒྱལ་སྤྱིའི་འགྱུར་ལྡོག་ཅི་ལྟར་ཆེ་རུང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་དཀྱིལ་སྙིང་གི་ཁེ་ཕན་དང་གནད་དོན་སྟེང་ཕན་ཚུན་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། དཔལ་འབྱོར་དང་དམངས་འཚོའི་ཁྱབ་ཁོངས་སུ་ཕན་འབྲས་ལྡན་པའི་མཉམ་ལས་སྤེལ་བཞིན་ཡོད།པྲོག་གསར་གློ་ཚད་རིམས་ནད་ཀྱི་ཛ་དྲག་གི་འགྲན་རྩོད་ལ་གདོང་གཏད་དེ། ཀྲུང་གོ་དང་སི་ར་ལ་ཨོང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ལག་རྡང་མཉམ་སྦྲེལ་གྱིས་རིམས་ནད་ལ་འགོག་རྒོལ་བྱས་ཏེ། སྐྱིད་སྡུག་མཉམ་ཁུར་གྱི་སྤུན་ཟླའི་མཛའ་བརྩེ་ཟབ་མོ་མངོན་ཡོད་ཅེས་བསྟན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་སི་ར་ལ་ཨོང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། རེ་བར་པུས་ཨའོ་ཙུང་ཐུང་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཙུགས་པའི་ལོ་ངོ50འཁོར་བ་གོ་སྐབས་སུ་བཟུང་ནས། མཛའ་བརྩེའི་འབྲེལ་བ་སྲ་བརྟན་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་སི་ར་ལ་ཨོང་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྟན། 

པུས་ཨའོ་ཡིས་རྟེན་འབྲེལ་གློག་འཕྲིན་ཁྲོད་བསྟན་དོན། སི་ར་ལ་ཨོང་དང་ཀྲུང་གོའི་འབྲེལ་བ་བཙུགས་པའི་ལོ་ངོ50རིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་བརྩི་བཀུར་དང་ཕན་ཚུན་བར་ཡིད་ཆེས། འདྲ་མཉམ་དང་མཉམ་དུ་ཡར་རྒྱས་སུ་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཛའ་བརྩེ་དང་ཕན་ཚུན་བར་མཐུན་སྒྲིལ་རོགས་རམ་བྱས་ནས། ཕྱོགས་གཉིས་དང་རྒྱལ་སྤྱིའི་ངོས་ཐད་ནས་མཉམ་ལས་སྤེལ་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་བླངས། སི་ར་ལ་ཨོང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་གཏོང་འདོད་ཡོད་ཚུལ་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།