ཀྲུང་གོ་བོད་ཀྱི་དྲ་བ།

སྤྱོད་པ་འདི་དག་ལ་སློབ་གསོ་པུའུ་ཡིས་གུ་ཡངས་གཏན་ནས་མེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས28ཉིན་སློབ་གསོ་པུའུ་ཡི་དྲ་ཚུགས་སྟེང་ནས་ཤེས་གསལ་ལྟར་ན། སློབ་གསོ་པུའུ་གཞུང་ལས་ཐིང་གིས་མིག་སྔར《སློབ་གྲྭ་ཆུང་འབྲིང་གི་རིན་ཡོད་གསབ་ཁྲིད་དང་དགེ་རྒན་གྱིས་ཁྲིམས་འགལ་ངང་ལེགས་སྐྱེས་ལེན་པའི་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་དགེ་རྒན་ལ་དམིགས་ནས་དུས་ཡུན་ཟླ9ཡི་རིང་ལ་རིན་ཡོད་གསབ་ཁྲིད་དང་ཁྲིམས་འགལ་ངང་ལེགས་སྐྱེས་ལེན་པའི་གནད་དོན་ཐད་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་རེད།

ཐེངས་འདིའི་ཆེད་དོན་བཅོས་སྒྲིག་བརྒྱུད། ས་གནས་སོ་སོས་རང་གིས་རང་ལ་ཞིབ་བཤེར་དང་རང་ཉིད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱས་ནས། དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་རྩིས་ཐོ་བཟོས་ཏེ་དངོས་འབབ་ཀྱི་གནད་དོན་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས་ལ། དགེ་སློབ་དང་མང་ཚོགས་ཀྱི་ཚུར་སྣང་དྲག་པ་དང་ཤུགས་རྐྱེན་ཧ་ཅང་ངན་ཞིང་འབུར་དུ་ཐོན་པའི་གནད་དོན་ལ་བཅོས་སྒྲིག་མཐའ་འཁྱོངས་བྱེད་དགོས། སློབ་གསོ་པུའུ་ཡིས་དགེ་རྒན་ལ་ལའི“སློབ་ཁྲིད་སྐབས་སུ་མི་ཁྲིད་པར་སློབ་ཁྲིད་རྗེས་སུ་ཁྲིད་པ”དང་“སློབ་ཕྱིའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་རྩ་འཛུགས་བྱེད་པ”“ཁྱིམ་བདག་དང་ལྷན་དུ་ཁེ་ཕན་བརྗེ་རེས་བྱེད་པ”སོགས་ཀྱི་བྱེད་སྤྱོད་ལ་གུ་ཡངས་སྤུ་ཙམ་ཡང་མི་གཏོང་བའི་བྱེད་ཐབས་སྤྱོད་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།