ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་མང་ཚོགས་ཀྱི་སྐྱེས་འཕེལ་དང་གསོ་སྐྱོང་། སློབ་གསོ་བཅས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་ཕྲུ་གུ་གསུམ་སྐྱེ་བའི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་བུ་བཙའི་སྲིད་ཇུས་ལེགས་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུར་བཀའ་མཆན་གལ་ཆེན་གནང་ནས་མང་ཚོགས་ཀྱི་སྐྱེས་འཕེལ་དང་གསོ་སྐྱོང་། སློབ་གསོ་བཅས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་ཕྲུ་གུ་གསུམ་སྐྱེ་བའི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན། སུན་ཁྲུན་ལན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས27ཉིན། རྒྱལ་ཡོངས་ཀྱི་སྐྱེས་འཕེལ་སྲིད་ཇུས་ལེགས་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཆོག་མཆན་གལ་ཆེན་གནང་། ཆོག་མཆན་ནང་བསྟན་དོན། མི་འབོར་གནད་དོན་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་དང་ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་ལ་འབྲེལ་བའི་གནད་དོན་ཞིག་ཡིན། ཕྲུ་གུ་གསུམ་སྐྱེ་བའི་སྲིད་ཇུས་དང་ལེ་ལག་ཚང་བའི་རྒྱབ་སྐྱོར་བྱ་ཐབས་ལག་ལེན་བསྟར་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་བབ་ལ་གཞིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། མི་འབོར་ཡུན་རིང་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་ནས་ཕྲུ་གུ་གསུམ་སྐྱེ་བའི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དགོས། ཏན་ཏིག་གིས་ལེགས་སྐྱེས་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཇེ་མགྱོོགས་སུ་གཏོང་བ། འབྲེལ་ཡོད་དཔལ་འབྱོར་དང་སྤྱི་ཚོགས་སྲིད་ཇུས་དང་སྐྱེས་འཕེལ་སྲིད་ཇུས་ལེ་ལག་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱི་སྐྱེས་འཕེལ་དང་གསོ་སྐྱོང་། སློབ་གསོ་བཅས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། འཆར་ལྡན་བུ་བཙའི་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱས་ནས་འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་ལ་ཁྱོན་ཡོངས་ནས་རོགས་སྐྱོར་འགན་ལེན་བྱེད་པའི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་དགོས། སྲིད་གཞུང་རིམ་པ་སོ་སོ་དང་འབྲེལ་ཡོད་སྡེ་སོ་སོས་ལག་བསྟར་ཇུས་གཞི་ཞིབ་ཕྲ་དང་ལེ་ལག་ཚང་བའི་སྲིད་ཇུས་བྱེད་ཐབས་གཏན་འབེབས་དང་། ལས་ཀ་དོན་འཁྱོལ་ལ་ནན་འཛིན་བྱས་ཏེ། རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་བྱ་བ་བཟང་བོ་འདི་ལེགས་པོར་བསྒྲུབ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོ་མོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་འབོར་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཁེ་ཆང་གི་བཀའ་མཆན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་ཕྲུ་གུ་གསུམ་སྐྱེ་བའི་སྲིད་ཇུས་དང་ལེ་ལག་ཚང་བའི་རྒྱབ་སྐྱོར་གྱི་བྱེད་ཐབས་ལག་བསྟར་གྱིས་གཙོ་གནད་བྱེད་པ་དང་། བུ་བཙའི་ཞབས་ཞུའི་མ་ལག་གིས་འདེགས་སྐྱོར་བྱེད་པ། གཉེན་སྒྲིག་དང་བུ་བཙའ། གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་ཇེ་ཆུང་དུ་གཏོང་བས་འགན་སྲུང་བྱེད་པ་བཅས་ཀྱིས་མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་། སྲིད་ཇུས་ཁྲིམས་སྲོལ། སྒྲིག་སྲོལ་ལམ་སྲོལ་བཅས་མེད་པར་བཟོས་ཏེ་སྐྱེས་འཕེལ་སྲིད་ཇུས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་ནུས་པ་ཐོན་པར་སྐུལ་འདེད་གཏོང་དགོས།

སུན་ཁྲུན་ལན་གྱིས་བསྟན་དོན། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བཟོ་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བར་ནན་འཛིན་བྱས་ཏེ། སྤྱི་ཚོགས་ཀྱི་གསོ་རྟེན་འགྲོ་གྲོན་སོགས་ཀྱི་གཏན་འབེབས་མེད་པར་གཙང་སེལ་བྱས་ནས་སྲིད་ཇུས་ལེགས་སྒྲིག་དང་སྦྲེལ་མཐུད་བྱ་བར་ཤུགས་སྣོན་རྒྱག་དགོས། མ་བུ་བདེ་སྲུང་སྒྲིག་གཞི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། མ་བུའི་བདེ་ཐང་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཉེན་ཁ་ཆེ་བའི་སྦྲུམ་མ་དང་སྐྱེས་མ་ཐག་པའི་ཕྲུ་གུར་སྐྱོབ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལེགས་བཙའ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། བཅོལ་གསོ་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། འཆར་འགོད་དང་ས་ཆ། སྡོད་ཁང་། ནོར་སྲིད་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཕྱོགས་བསྡུས་ངང་སྤྱད་ཅིང་ཀུན་ཕན་གསོ་སྐྱོང་ཞབས་ཞུ་འཕེལ་རྒྱས་སུ་བཏང་སྟེ། མི་སྤྱོད་ལས་ཁུངས་སོགས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་བཅོལ་གསོ་ཞབས་ཞུ་སྣ་ཚོགས་ཀྱི་མཁོ་འདོན་བྱ་རྒྱུར་ལྕག་སྐུལ་བྱས་ནས། 2025ལོར་མི་སྟོང་རེར་མངགས་བཅོལ་བྱེད་ཡུལ4.5ལ་ཟིན་པ་བྱེད་དགོས། ལོ་གསུམ་མན་གྱི་ཕྲུ་གུའི་ལྟ་རྟོག་གི་འགྲོ་གྲོན་དེ་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཐེན་གཅོག་ནང་འཇུག་པར་སྐུལ་འདེད་གཏོང་བར་ཞིབ་འཇུག་བྱས་ཤིང་། ཀུན་ཕན་རང་བཞིན་གྱི་གྲ་སྒྲིག་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་དང་མཁར་གྲོང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། ཧེ་བག་ཅན་གྱི་བོགས་གཏོང་དང་སྡོད་ཁང་ཉོ་བའི་གཟིགས་སྐྱོང་སྲིད་ཇུས་ལ་ལག་བསྟར་ལ་ཞིབ་འཇུག་བཅས་བྱས་ཏེ། བུ་བཙའ་དང་གསོ་སྐྱོང་། སློབ་གསོའི་མ་གནས་ཇེ་དམའ་རུ་གཏོང་དགོས། འཆར་ལྡན་བུ་བཙའི་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས་ཏེ། བུད་མེད་ཀྱི་སྐྱེས་འཕེལ་རིན་ཐང་ལ་བརྩི་འཇོག་བྱས་ཤིང་། སྐྱེས་འཕེལ་ངལ་གསོ་དང་ནུ་འོ་སྣུན་དུས་ཀྱི་ངལ་གསོ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་ཁྲིམས་ལྟར་བུད་མེད་ཀྱི་ངལ་རྩོལ་དང་སྤྱི་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།