ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་ནུས་ཤུགས་ཡོད་རྒུས་ཞོད་འགོག་གནོད་སྐྱོབ་ལས་དོན་ཡག་པོར་སྒྲུབ་དགོས་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་རུ་ཞོད་འགོག་ཉེན་སེལ་གནོད་སྐྱོབ་དང་ཞོད་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུ་བསྡུས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་ནུས་ཤུགས་ཡོད་རྒུས་ཞོད་འགོག་གནོད་སྐྱོབ་ལས་དོན་ཡག་པོར་སྒྲུབ་དགོས་ཞེས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་རུ་བརྙན་ལམ་ཚོགས་འདུ་བསྡུས་ནས། མིག་སྔར་དང་དུས་མཚམས་རྗེས་མའི་ཞོད་འགོག་ཉེན་སེལ་གནོད་སྐྱོབ་དང་ཞོད་འགོག་ལས་དོན་ཡག་པོར་སྒྲུབ་པར་ཞིབ་འཇུག་བྱས། 

ཟླ7པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་རུ་བརྙན་ལམ་ཚོགས་འདུ་བསྡུས་ནས། མིག་སྔར་དང་དུས་མཚམས་རྗེས་མའི་ཞོད་འགོག་ཉེན་སེལ་གནོད་སྐྱོབ་དང་ཞོད་འགོག་ལས་དོན་ཡག་པོར་སྒྲུབ་པར་ཞིབ་འཇུག་བྱས།   

འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་ཅུའུ་ཡི་ཚབ་བྱས་ནས་སྙན་སེང་ཞུས། ལི་ཁེ་ཆང་གིས་ཧོ་ནན་དང་ཧོ་པེ། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་སོགས་ཞོད་འགོག་གནོད་སྐྱོབ་ཀྱི་ལས་འགན་ལྕི་བའི་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོར་བརྙན་ལམ་འབྲེལ་མཐུད་གནང་བ་དང་། གནམ་གཤིས་ཅུའུ་དང་ཆུ་བེད་པུའུ། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱི་འགན་འཁུར་པའི་སྙན་སེང་ལ་གསན་ནས། ཞོད་འགོག་གནོད་སྐྱོབ་གྱི་ལས་དོན་དང་དུས་མཚམས་རྗེས་མའི་ཁ་གཏད་གྲ་སྒྲིག་སོགས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། བདེ་འཇགས་ཀྱི་རྩ་ཐིག་དམ་པོར་བཅངས་ནས་བྱེད་ཐབས་ཁག་ལ་ནན་འཛིན་བྱེད་དགོས་པའི་བླང་བྱ་བཏོན། 

ལི་ཁེ་ཆང་གིས་བཤད་རྒྱུར། ཉེ་ཆར་རང་རྒྱལ་གྱི་ས་ཁུལ་སོ་སོར་དྲག་ཆར་ཆེན་པོ་བབས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པ་ཡིད་སྐྱོ་བ་ཞིག་རེད། གནོད་ཐེབས་ས་ཁུལ་དང་འབྲེལ་ཡོད་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གནོད་སྐྱོབ་བྱས་ནས་ལས་དོན་འབོར་ཆེན་བསྒྲུབས་ཡོད། མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོག་གནོད་སྐྱོབ་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་དུས་མཚམས་རྗེས་མའི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་མེད་པར་ནན་འཛིན་བྱེད་དགོས། མིག་སྔར“བདུན་མཇུག་བརྒྱད་མགོ”ཡི་ཞོད་འགོག་གི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། སྔོན་བརྡ་ལྟར་ན་བྱང་ཕྱོགས་ཀྱི་ས་ཁུལ་ཁ་ཤས་སུ་ད་དུང་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། རྒྱ་མཚོའི་རླུང་འཚུབ་ཀྱིས་མཚོ་རྒྱུད་ས་ཁུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་ལ། ཞོད་འགོག་གི་གནས་བབ་ཧ་ཅང་ཛ་དྲག་ཡིན་པས་ཕྱོགས་ཡོངས་ནས་བྱ་ཐབས་སྤྱད་དེ་ཆུ་མ་ཤོར་གོང་ལ་རགས་བརྒྱབ་ནས་གྱོང་གུན་ཕོག་ཚད་ཆེས་དམའ་ཤོས་སུ་གཏང་དགོས།

ལི་ཁེ་ཆང་གིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་ནུས་ཤུགས་ཡོད་རྒུས་ཞོད་འགོག་གནོད་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། མི་སྲོག་གལ་འགངས་ཆེ་བས། ཧོ་ནན་སོགས་གནོད་ཐེབས་ས་ཁུལ་གྱིས་ཉེན་གྱར་མང་ཚོགས་རྣམས་ལ་རོགས་སྐྱོབ་བྱེད་པ་དེ་ཞོད་འགོག་གནོད་སྐྱོབ་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། ཁུག་ཀྱོག་ཙམ་ཡང་མི་གཏོང་ཞིང་མི་གཅིག་ཀྱང་མ་ལུས་པ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱིས་མི་སྣ་ཤི་རྨས་ཇེ་ཉུང་དུ་གཏོང་དགོས། རེ་བ་ཕྲན་ཙམ་ཡོད་ན་འབད་བརྩོན་ལྡབ་འགྱུར་བྱ་དགོས། དུས་ཐོག་ཏུ་ཆེད་ལས་དཔུང་ཁག་དང་སྒྲིག་ཆས་བཀོད་གཏོང་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ཏེ་མཁོ་གལ་ཆེ་བའི་ས་གནས་ཀྱི་གནོད་སྐྱོབ་ལ་རྒྱབ་སྐྱོར་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་ཀུན་གསལ་གྱིས་རོགས་སྐྱོབ་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱ་དགོས། 

ལི་ཁེ་ཆང་གིས་བཤད་རྒྱུར། གཙོ་གནད་འབུར་ཐོན་གྱིས་ཉམས་ཞན་ལྷུ་ཚིགས་ལ་ཤུགས་སྣོན་རྒྱག་དགོས། ཆར་ཞོད་རྒྱས་ཚུལ་དང་རྒྱ་མཚོའི་རླུང་འཚུབ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས། ཉེན་བརྡ་དང་ལེན་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་དུས་ཐོག་ཏུ་ཚུར་ལེན་བྱེད་ཐུབ་པ་བྱས་ཏེ། འཕྲལ་སྡོམ་ཐག་གཅོད་བྱེད་ནུས་དང་མང་ཚོགས་ཀྱི་རང་རྟོགས་འགོག་སྲུང་གི་འདུ་ཤེས་ཆེ་རུ་གཏོང་དགོས། ཉེན་ཚབས་ཆེ་བའི་གནས་ཚུལ་འོག གྲོང་ཁྱེར་གྱི་འཁྱིལ་ཆུའི་གནོད་སྐྱོན་ཚབས་ཆེན་ལ་དམིགས་ཏེ་དུས་ཐོག་ཏུ་མང་ཚོགས་རྩ་འཛུགས་བྱས་ནས་ཉེན་གཡོལ་བྱེད་པ་དང་། དམིགས་བསལ་ལས་རིགས་ཕུད་ལས་མཚམས་དང་སློབ་མཚམས་བཞག་སྟེ། སྨན་ཁང་སོགས་ལས་ཁུངས་གལ་ཆེན་གྱི་གློག་ཤུགས་དང་ཆུ་འདོན། འཕྲིན་གཏོང་བཅས་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས། ལྷག་པར་དུ་མི་སྣ་འདུ་འཛོམས་ཆེ་བའི་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་དང་ཕུག་ལམ། ས་འོག་བར་སྟོང་སོགས་སུ་མང་ཚོགས་བདེ་འཇགས་འགན་སྲུང་གི་བྱེད་ཐབས་ནན་མོ་ཡོད་དགོས་པ་དང་། ཅུང་ཚད་བརྒལ་དང་ཅུང་གཟབ་ནན་ཡིན་ཡང་ཆོག་སྟེ། མཚམས་འཇོག་དགོས་པ་དག་མཚམས་འཇོག་པ་དང་། བཀག་སྡོམ་བྱེད་དགོས་པ་དག་བཀག་སྡོམ་བྱས་ནས་ཏན་ཏིག་གིས་མི་སྣ་ཤི་རྨས་ལ་གཡོལ་དགོས། གཙང་པོ་དང་ཆུ་བོ། ཆུ་མཛོད། ཆུ་རགས། རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་གལ་ཆེན་དང་། གྲོང་ཁྱེར་གྱི་གཙོ་གནད་སྤྱི་པའི་འདུ་གནས་ཀྱི་ཞོད་འགོག་སོགས་ལ་དམིགས་ཏེ། སྐོར་ཞིབ་ལས་རེས་ལ་ཤུགས་སྣོན་རྒྱག་པ་དང་ཞོད་འགོག་གནོད་སྐྱོབ་དངོས་རྫས་འདང་ངེས་གྲ་སྒྲིག་བྱས་ནས། ཉེན་ཁ་ཡོད་ཚེ་འཕྲལ་དུ་ཐག་གཅོད་བྱས་ནས་ལྷོད་གཡེང་དང་ནར་འགྱངས་སྤུ་ཙམ་ཡང་བྱེད་མི་རུང་། རི་ཁུལ་ཆུ་ལོག་དང་འདམ་རུད་སོགས་ཀྱི་གནོད་འཚེ་ནན་འགོག་བྱེད་དགོས།

ལི་ཁེ་ཆང་གིས་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སེམས་གསོ་དང་གཟིགས་སྐྱོང་འོས་འཚམ་བྱས་ཏེ་གནོད་ཐེབས་དང་གནས་སྤོར་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱེད་དགོས་ཏེ། གནོད་ཁུལ་གྱི་འཕྲོད་བསྟེན་རིམས་འགོག་ལ་ཤུགས་སྣོན་བརྒྱབ་ནས་གང་མགྱོགས་སྒོས་འཁྱིལ་ཆུ་ཕྱིར་འབུད་བྱེད་དགོས་ལ། གང་མགྱོགས་སྒོས་གློག་དང་ཆུ། འགྲིམ་འགྲུལ། འཕྲིན་གཏོང་སོགས་སླར་གསོ་བྱེད་དགོས། ཐོན་སྐྱེད་སླར་གསོ་དང་གནོད་ཕྱིའི་བསྐྱར་སྐྲུན་གྱི་ལས་དོན་སྤེལ་དགོས་ཏེ། དུས་ལྟར་ཀྲུང་དབྱང་ནོར་སྲིད་ཀྱི་གྲབས་དངུལ་སྤྱད་ནས་སྔོན་ལ་མ་དངུལ་སྒོར་དུང་ཕྱུར་བཅུ་ཕྲག་འགའ་བཏང་ནས་གནོད་ཐེེབས་ཚབས་ཆེ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་དགོས་ལ། གནོད་འཚེའི་གནས་ཚུལ་ཞིབ་བཤེར་གྱི་འཕེལ་རིམ་གཞིར་བཟུང་ནས་སླར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཀྱིས་ཀྱང་ཆེད་དམིགས་མ་དངུལ་བཀོད་སྒྲིག་བྱེད་དགོས། དུས་མཚུངས་སུ་སྤྱི་ཚོགས་ཀྱི་རོགས་སྐྱོར་ཞལ་འདེབས་མ་དངུལ་ཡོངས་བསྒྲགས་དང་བེད་སྤྱོད་ཡག་པོ་བྱེད་དགོས།

ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ཕྱོགས་སོ་སོ་དང་རིམ་པ་སོ་སོ། ལྷུ་ཚིགས་སོ་སོའི་འགན་འཁྲི་ཞིབ་ཚགས་དང་གཟབ་ནན་དུ་བཏང་ནས། འགན་འཁྲི་མི་ལ་འཁེལ་བ་དང་འགན་འཛོལ་ཤོར་མཁན་ལ་འགན་འཁྲི་བདའ་འདེད་ནན་མོ་གཏོང་དགོས། ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་ནན་ཏན་བྱས་ནས་འཕྲལ་བསྟུན་སྔོན་ཇུས་དང་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ལ་སྔོན་འགོག་དང་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཡུལ་ཕྱོགས་ཅིག་གི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཝང་ཡུང་དང་། ཞའོ་ཅེ། ཧོ་ལི་ཧྥུང་བཅས་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།