ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཞིའར་ཝ་དང་མཉམ་དུ་ཀྲུང་ཕུའུ་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་འཐབ་ཇུས་གླེང་མོལ་སྐོར་དང་པོ་སྤེལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཝང་དབྱི་ཡིས་ཕུའུ་ཐིའུ་ཡ་ཡི་རྒྱལ་སྲིད་པུའུ་ཀྲང་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་གནང་བའི་ཞིའར་ཝ་དང་མཉམ་དུ་ཀྲུང་ཕུའུ་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་འཐབ་ཇུས་གླེང་མོལ་སྐོར་དང་པོ་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་གནང་བའི་ཝང་དབྱི་ཡིས་བརྙན་ལམ་ནས་ཕུའུ་ཐིའུ་ཡ་ཡི་རྒྱལ་སྲིད་པུའུ་ཀྲང་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་གནང་བའི་ཞིའར་ཝ་དང་ཀྲུང་ཕུའུ་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་འཐབ་ཇུས་གླེང་མོལ་སྐོར་དང་པོ་སྤེལ། 

ཝང་དབྱི་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཀྲུང་ཕུའུ་ཡིས་ཤུགས་ཆེའི་རོགས་རེས་དང་དུས་ངལ་མཉམ་སེལ་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་མཐུན་ལ་ཚོད་བགམ་མང་པོ་དང་གོ་སྐབས་གསར་བ་ཐོབ་ཡོད། ཀྲུང་གོས་ད་བར་དུ་ཕྱི་ཕྱོགས་ལ་རིམས་འགོག་སྨན་ཁབ་དུང་ཕྱུར6ལྷག་མཁོ་འདོན་བྱས་ཤིང་། ཕུའུ་ཐིའུ་ཡ་དང་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་དང་མཉམ་དུ་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་། འདྲ་མཉམ་བགོ་བཤའ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“རིམས་འགོག་སྨན་ཁབ་མི་རིགས་རིང་ལུགས”ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་འདོད་ཡོད། ནད་དུག་གི་ཁུངས་འདེད་ནི་གཟབ་ནན་གྱི་ཚན་རིག་གནད་དོན་ཞིག་ཡིན་པས། ཕྱོགས་གཉིས་པོས་ཁུངས་འདེད་གནད་དོན་གྱི་ཆབ་སྲིད་བྱ་སྤྱོད་ལ་ཐུན་མོང་ཐོག་ངོ་རྒོལ་བྱས་ཤིང“ཆབ་སྲིད་ཀྱི་ནད་དུག”ལ་ཐུན་མོང་ཐོག་བཀག་འགོག་བྱས་ནས་མཐུན་སྒྲིལ་གྱིས་རིམས་འགོག་སྤྱི་ཡོངས་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་བར་དགེ་གནོད་ཀྱི་འགལ་ཟླ་དང་དོན་དངོས་ཀྱི་ཁེ་ཕན་འགལ་ཟླ་མེད། མིག་སྔར་འཕྲད་པའི་དཀའ་ངལ་གང་མགྱོགས་སྒོས་ཁྱད་བསད་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ལམ་བུའི་ཐོག་བསྐྱོད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཕུའུ་ཐིའུ་ཡ་ཡིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་ཡིད་ཆེས་ཡོད།

ཞིའར་ཝ་ཡིས་ཧོ་ནན་དུ་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་བྱུང་བར་ཀྲུང་གོར་འཚམས་འདྲི་བྱས་པ་དང་། ཀྲུང་གོས་ཕུའུ་ཐིའུ་ཡ་ལ་རིམས་འགོག་དངོས་ཟོག་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུས། ཀྲུང་གོ་དང་མཉམ་དུ་རིམས་འགོག་སྨན་ཁབ་མཉམ་ལས་བྱེད་འདོད་ཡོད། ཕུའུ་ཐིའུ་ཡ་ཡིས་ཀྲུང་གོའི་ཁེ་ལས་ལ་ནམ་ཡང་སྒོ་མོ་ཕྱེས་ནས་སླད་ཕྱིན་རིམས་ནད་རྗེས་སུ་ཕྱོགས་གཉིས་པོའི་ཁེ་ཕན་གྱི་འབྲེལ་ཐག་སྔར་བས་ཇེ་དམ་དུ་འགྲོ་རྒྱུའི་རེ་བ་ཡོད། 

ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་དགོངས་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་པོས་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་འཐབ་ཇུས་གླེང་མོལ་སྐོར་དང་པོ་བདེ་ལེགས་ངང་གཉེར་བར་ཡིད་ཚིམ་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།