ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གང་མགྱོགས་ངང་འཕེལ་རྒྱས་སུ་གཏོང་བ་དང་ས་ཁང་བདག་ཁོངས་ཁྲོམ་རའི་སྙོམ་སྒྲིག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་ཀྲིན་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་ས་ཁང་བདག་ཁོངས་ཁྲོམ་རའི་སྙོམ་སྒྲིག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་དོན་དངོས་དང་བསྟུན་ནས། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གང་མགྱོགས་ངང་འཕེལ་རྒྱས་སུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ས་ཁང་བདག་ཁོངས་ཀྱི་ཕུགས་ཕན་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གང་འགྱོགས་ངང་འཕེལ་རྒྱས་སུ་གཏོང་བ་དང་ས་ཁང་བདག་ཁོངས་ཁྲོམ་རའི་སྙོམས་སྒྲིག་ལས་དོན་ཡག་པོར་སྒྲུབ་པའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ཞིང་གསུང་བཤད་གནང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྡོད་ཁང་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གང་མགྱོགས་ངང་འཕེལ་རྒྱས་སུ་གཏོང་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་ས་ཁང་བདག་ཁོངས་ཁྲོམ་ར་སྙོམ་སྒྲིག་གི་འབྲེལ་ཡོད་ལས་དོན་སྔར་བས་ཡག་པོར་བསྒྲུབས།

ཟླ7པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གང་འགྱོགས་ངང་འཕེལ་རྒྱས་སུ་གཏོང་བ་དང་ས་ཁང་བདག་ཁོངས་ཁྲོམ་རའི་སྙོམ་སྒྲིག་ལས་དོན་ཡག་པོར་སྒྲུབ་པའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཕེལ་རྒྱས་གཏོང་རྒྱུ་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྡོད་ཁང་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་ལ་བརྩིས་ནས་ཐམས་ཅད་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་ཆེ་གྲས་ཀྱི་སྡོད་ཁང་གི་གནད་དོན་འབུར་ཐོན་ཐག་གཅོད་ཡག་པོ་བྱེད་དགོས། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་སྲིད་ཇུས་ཀྱི་གཙོ་གནད་སྟངས་འཛིན་ཡག་པོ་བྱས་ཤིང་འགན་ལེན་བྱ་ཡུལ་ཁ་གསལ་བཟོས་ནས་གྲོང་ཁྱེར་གསར་བ་དང་ན་གཞོན་ཚོའི་སྡོད་ཁང་འགན་ལེན་ལས་དོན་ཡག་པོ་བསྒྲུབ་པར་ཤུགས་སྣོན་བརྒྱབ་སྟེ། གྲོང་མི་གསར་བའི་ཁྲོད་གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་མཁན་གྱི་སྡོད་ཁང་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ལ་འགན་ལེན་བྱེད་དགོས། “གཞི་རྩ་འགན་ལེན”བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུད་ཚང་ཆུང་གྲས་གཙོ་བོར་བྱེད་པ་དང“ལས་སྡོད་དོ་མཉམ”བྱ་རྒྱུར་མཐོང་ཆེན་བྱེད་དགོས། “འགན་ཁུར་ནུས་པ་དང་རྒྱུན་མཐུད་ཐུབ་པའི”རྩ་དོན་གཞིར་བཟུང་ནས་ཚན་རིག་དང་མཐུན་པའི་བོགས་དངུལ་རིན་གོང་གཏན་འཁེལ་ལམ་སྲོལ་འཛུགས་དགོས། ཡུལ་བབ་དང་བསྟུན་ཏེ་མི་འབོར་གཙང་འདྲེན་གྲོང་ཁྱེར་གཙོ་གནད་དུ་བཟུང་ནས་གྲོང་ཁྱེར་གྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་དང་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གང་མགྱོགས་ངང་འཕེལ་རྒྱས་སུ་གཏོང་དགོས།

ཧན་ཀྲིན་གྱིས་བསྟན་དོན། ས་ཁང་བདག་ཁོངས་ལས་དོན་ཁྲོད་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཚད་མཐོའི་མཐོང་ཆེན་བྱས་ནས། སྡོད་ཁང་ནི་སྡོད་ས་ཡིན་པ་ལས་སྒྱུར་ཚོང་བྱེད་ཡུལ་མིན་པའི་གནས་འཁེལ་མཐའ་འཁྱོངས་བྱས་ཏེ། ས་ཁང་བདག་ཁོངས་ཐོན་ལས་དེ་དུས་ཐུང་དཔལ་འབྱོར་ལ་སྐུལ་མ་གཏོང་བའི་བྱ་ཐབས་སུ་མི་བརྩི་བ་དང་། ས་གོང་བརྟན་བརླིང་དང་ཁང་རིན་བརྟན་བརླིང་། སྔོན་དཔག་བརྟན་བརླིང་བཅས་ཀྱི་ས་ཁང་བདག་ཁོངས་ཀྱི་ཕུགས་ཕན་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ནས་སྲིད་ཇུས་ཀྱི་བྱེད་ནུས་རྒྱུན་ཆད་མེད་པར་འཐུས་ཚང་དང་བེད་སྤྱོད་ཡག་པོ་བྱེད་དགོས། ས་ཁང་བདག་ཁོངས་དངུལ་རྩའི་འགག་རྩ་ནན་འཛིན་བྱས་ཏེ། ས་ཁང་བདག་ཁོངས་ཁེ་ལས་ཀྱི“ཐིག་གསུམ་རིམ་བཞིའི”མ་དངུལ་བསྡུ་སྒྲིལ་དོ་དམ་དང་དངུལ་རྩའི་སྒྲིག་གཞིའི་ས་ཁང་བདག་ཁོངས་ཀྱི་དངུལ་བུན་གཅིག་སྡུད་དོ་དམ་ཇེ་ནན་དུ་གཏོང་དགོས། “ས་རིན་བརྟན་བརླིང”གི་བྱ་བའི་ལམ་སྲོལ་གང་མགྱོགས་སྒོས་འཐུས་ཚང་དང་ས་ཞིང་རྡེག་འཚོང་གི་སྒྲིག་སྲོལ་ཇེ་ལེགས་སུ་བཏང་ནས། ཁེ་ལས་ཀྱིས་ས་ཞིང་ཉོ་བའི་མ་དངུལ་ཞིབ་བཤེར་ལམ་ལུགས་ནུས་ལྡན་འཛུགས་དགོས། ས་ཁང་བདག་ཁོངས་ཚོང་རའི་སྒྲིག་ལམ་རྒྱུན་མཐུད་ངང་ཚད་ལྡན་དུ་གཏོང་བ་དང་བར་སྦྱོར་སོགས་ཚོང་རའི་སྒྲིག་གཞི་དོ་དམ་ལེགས་པོ་བྱས་ཏེ། ཚོང་རའི་ཟིང་འཁྲིག་གནས་ཚུལ་རྩད་ཞིབ་ཐག་གཅོད་བྱེད་དགོས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོའི་མི་དམངས་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། ཀོང་ཀྲོའུ་དང་ཧྥུའུ་ཀྲོའུ། པེ་ཅིང་། ཁྲང་ཧྲ་སོགས་གྲོང་ཁྱེར་བཞིའི་མི་དམངས་སྲིད་གཞུང་དང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་གནང་། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།