ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡུང་གིས་ཧོ་ནན་ཞོད་འགོག་གནོད་སེལ་མྱུར་སྐྱོབ་བྱ་བར་བཀོད་འདོམས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཧོ་ནན་དུ་ལོ་རྒྱུས་སྟེང་མཐོང་དཀོན་པའི་དྲག་ཆར་བབས་པ་དང་། ས་གནས་མང་ཆེ་ཤོས་སུ་ཆུ་ལོག་གི་གནོད་འཚེ་ཐེབས། ཚེས21ཉིན་གྱི་ཞོགས་པར། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་ཁབ་ཞོད་འགོག་སྤྱིའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཝང་ཡུང་གིས་རྒྱལ་ཁབ་ཞོད་འགོག་སྤྱིའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོག་གནོད་སེལ་སྐོར་གྱི་མཛུབ་སྟོན་དགོངས་དོན་ལག་ལེན་གཏིང་ཟབ་བྱས་པ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་བླང་བྱ་ལྟར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཨང་དང་པོར་བཞག་ནས། ཆར་བའི་གནས་ཚུལ་དང་། ཆུ་ལོག་གནས་ཚུལ་ལ་བརྡར་གཅོད་གནད་ཁེལ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཉེན་སེལ་མྱུར་སྐྱོབ་བྱ་བ་སྤེལ་ནས། གནོད་འཚེའི་གྱོང་གུད་དམའ་རུ་གཏོང་བར་བྱེད་དགོས་ཞེས་བསྟན། 

ཝང་ཡུང་གིས་རིམ་པ་སོ་སོའི་འགན་ཁུར་བ་དང་འཕྲལ་བསྟུན་མྱུར་སྐྱོབ་དཔུང་ཁག་གིས་སྟོབས་ཤུགས་ཡོད་རྒུས་གནོད་སེལ་མྱུར་སྐྱོབ་བྱེད་དགོས་པ་དང་། ཆེད་ལས་མྱུར་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་སྒྲིག་ཆས་སྡེབ་སྒྲིག་བྱས་ཏེ། ཁྱོན་ཡོངས་ནས་མྱུར་སྐྱོབ་རྩད་ཞིབ་དང་། དུས་ཐོག་ཏུ་མང་ཚོགས་གནས་སྤོར་བདེ་འགོད་བྱས་ནས། དུད་ཁྱིམ་གཅིག་དང་མི་གཅིག་ཀྱང་ཆད་ལུས་མི་བྱུང་བར་ཁག་ཐེག་བྱེད་དགོས། ཆུ་མཛོད་དང་ཆུ་རག་ཉེན་སྲུང་བྱ་བར་དམིགས་ཏེ། འཕྲལ་བསྟུན་མྱུར་སྐྱོབ་བྱེད་ཐབས་ཤུགས་དྲག་ཏུ་གཏོང་བ་དང་། དྲ་མིག་ཅན་གྱི་སྐོར་ཞིབ་དང་། ཆུ་རག་ཤོར་བ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ལ་འགོག་སྲུང་ནན་མོ་བྱས་ཏེ། རྨ་ཆུའི་ཆུ་རག་དང་རིགས་སོ་སོའི་ཆུ་མཛོད་ཀྱི་ཆུ་ལོག་གི་དུས་སྐབས་བརྒལ་བར་ཁག་ཐེག་བྱེད་དགོས། ཞོད་འགོག་འཕྲལ་བསྟུན་ལག་བསྟར་བྱེད་པ་དང་། ཆུ་ལོག་ཉེན་སེལ་གྱི་ཤུགས་ཚད་ཆར་རུ་བཏང་ནས། འགྲིམ་འགྲུལ་དང་ཡུལ་སྐོར། འཛུགས་སྐྲུན་ཡུལ་དངོས་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་པོ་སོགས་གཙོ་གནད་ལས་རིགས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་ཆེ་རུ་བཏང་སྟེ། དྲག་རླུང་དང་དྲག་ཆར་སོགས་གནམ་གཤིས་དང་། ཆུ་ལོག་དང་རྡོ་ཟེགས་སོགས་གནོད་འཚེ་ལ་འགོག་སྲུང་ནན་མོ་བྱས་ཏེ། གནོད་འཚེ་ཚབས་ཆེན་མི་འབྱུང་བར་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།