ཕེང་ལི་ཡོན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་སློབ་གསོ་དང་དབུལ་པོ་ཉུང་གཏོང་གླེང་སྟེགས་ཐོག་བརྙན་ལམ་གྱི་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་ལོ་ཆུང་དང་བུད་མེད་སློབ་གསོར་སྐུལ་འདེད་གཏོང་བའི་ཆེད་བསྐོས་ཕོ་ཉ་ཕེང་ལི་ཡོན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་སློབ་གསོ་དང་དབུལ་པོ་ཉུང་གཏོང་གླེང་སྟེགས་ཐོག་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ། 

ཕེང་ལི་ཡོན་གྱིས་བཤད་རྒྱུར།  དབུལ་བོ་ཉུང་གཏོང་དང་བདེ་སྐྱིད་ལ་རོལ་བ་ནི་རྒྱ་ཆེའི་བུད་མེད་ཚོའི་ཐུན་མོང་གི་ཕུགས་བསམ་ཡིན། སློབ་གསོ་མྱངས་ཏེ་ཤེས་བྱ་དང་རྩལ་ནུས་ཐོབ་པར་བྱས་ན་བུད་མེད་རྣམས་དབུལ་ཕོངས་ལས་ཐར་ཐུབ་པའི་སྟོབས་ཤུགས་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཀྲུང་གོས་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕྱོགས་ཡོངས་ནས་ལོན་པ་དང་།  ཀྲུང་གོའི་བུད་མེད་དུང་ཕྱུར་མང་པོ་དབུལ་ཕོངས་ཀྱི་གནས་ལས་རྦད་དེ་སྒྲོལ་ཐུབ་པ་བྱུང་ཡོད།  ང་ཚོས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་བུད་མེད་ལ་འདྲ་མཉམ་ངང་སློབ་གསོ་མྱོང་བའི་དབང་ཆ་ལོངས་སུ་སྤྱོད་ཐུབ་པ་བྱས་ནས་ཁོང་ཚོ་དབུལ་ཐར་འགག་སྒྲོལ་གྱི་ཁེ་ཕན་ཐོབ་མཁན་དང་ཞུགས་མཁན། བྱས་རྗེས་འཇོག་མཁན་བཅས་སུ་འགྱུར་བར་བྱ་དགོས། རྒྱལ་ཁབ་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱིས་རྒྱབ་སྐྱོར་ཧུར་ཐག་བྱེད་པ། ལས་རིགས་སོ་སོའི་མི་སྣས་སྒེར་སེམས་མེད་པར་བྱས་རྗེས་འཇོག་བ་བཅས་ལ་བརྟེན་ནས་བུད་མེད་ཀྱི་སློབ་གསོ་དང་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད།  ཀུའེ་ཀྲོའུ་ཞིང་ཆེན་ས་གནས་དེ་གའི་སྲིད་གཞུང་གིས“མཛེས་སྡུག་ལྡན་པའི་ཚེམ་དྲུབ་འཆར་གཞིའི”བུད་མེད་ཀྱི་ཁྱད་ལྡན་ལག་ཤེས་ཐོན་ལས་ལག་ལེན་བསྟར་ནས།  བུད་མེད་ཁྲི50ལྷག་ཁྱིམ་སྡོད་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། “ཁྲུན་ལེ་འཆར་གཞིའི”རོགས་རམ་འོག་བུ་མོ་ལོ་ཆུང་དབུལ་བོ་ཁྲི300ལྷག་སློབ་མཐར་ཕྱིན་པ་དང་། ནར་སོན་རྗེས་དྲིན་ཚོར་གྱི་བསམ་པར་བརྟེན་ནས་བརྩེ་སེམས་རྒྱུན་མཐུད་ངང་བརྒྱུད་སྤྲོད་བྱེད་བཞིན་ཡོད། ཀྲང་ཀུའེ་མའེ་ཡིས་རི་ཁུལ་དུ་ལོ40ལྷག་ལ་གཞི་ཚུགས་ནས་རིན་མེད་ངང་མཐོ་རིམ་སློབ་འབྲིང་ཞིག་གཉེར་ཏེ། ནུས་ཤུགས་ཡོད་རྒུས་བུ་མོ2000ཙམ་སློབ་ཆེན་གྱི་ཕུགས་འདུན་འགྲུབ་པར་རོགས་རམ་བྱས། འདི་ལྟ་བུའི་གཏམ་རྒྱུད་ནི་ཉིན་རྒྱུན་ཀྲུང་གོའི་ས་གཞིའི་སྟེང་བྱུང་དང་འབྱུང་བཞིན་ཡོད།

ཕེང་ལི་ཡོན་གྱིས་བཤད་རྒྱུར།  མིག་སྔར་གོ་ལ་ཧྲིལ་བོར་བུད་མེད་དུང་ཕྱུར4.35ཡི་འཚོ་བ་སྔར་བཞིན་དབུལ་ཞིང་ཕོངས་པའི་ཁྲོད་ཡོད་པ་དང་། སློབ་གསོའི་ཐད་ཕོ་མོའི་ཁྱད་པར་སྔར་བཞིན་མངོན་གསལ་ཡིན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་བུད་མེད་དབུལ་བ་ཉུང་གཏོང་ཐད་འགྲན་སློང་གསར་པ་འཕྲད་ཡོད།

ཕེང་ལི་ཡོན་གྱིས་བཤད་རྒྱུར།  ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ20འགོར་བའི་རིང་། རྒྱལ་ཁབ་སོ་སོའི་གཅེན་གཅུང་ཚོས“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཛིན་གྱིས་བུད་མེད་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་དང་།  ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཕུལ་ཡོད་པ་རེད།  ང་ཚོས་གཅེས་སེམས་གཅིག་སྒྲིལ་དང་བུད་མེད་ཀྱི་སློབ་གསོ་དང་དབུལ་བོ་ཉུང་གཏོང་གི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ།  སློབ་གསོའི་འོད་སྣང་བུད་མེད་ཀྱི་རེ་བའི་ལམ་བུར་འཕྲོ་ཐུབ་པ་དང་བུད་མེད་དེ་བས་མང་པོར་མི་ཚེ་མཚར་སྡུག་ལྡན་པའི་གོ་སྐབས་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས་ཞེས་བཤད།

ཐེངས་འདིའི་གླེང་སྟེགས་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཉམ་དུ་སྤེལ་བ་ཡིན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།